བོད་བྱང་ཐང་ས་མཐོའི་དབུས་སུ་ཀྲུང་གོའི་ས་བབ་མཐོ་ཤོས་ཀྱི་རྫོང་སྟེ་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་གནས་ཤིང་། ཡུལ་དེའི་ཆ་སྙོམས་ས་བབ་མཐོ་ཚད་སྨི་5000ལས་བརྒལ་ཡོད་པ་དང་མཁའ་རླུང་ཁྲོད་གསོ་རླུང་འདུས་ཚད་ཐང་གཤོངས་ཀྱི་40%ཙམ་ལས་མེད། དེ་གར་ཟླ་བ་བདུན་པ་དང་བརྒྱད་པར་ཡང་ཁ་བ་ལྷབ་ལྷུབ་ཏུ་འབབ་པ་རེད།
2016ལོར་རྒྱ་རིགས་ལས་བྱེད་པ་ཞིག་འུན་ཤིང་ཀོང་ཇོ་ཕེབས་མྱོང་བའི་ལམ་བུ་བརྒྱུད“སྲོག་གནས་དཀའ་ཁུལ”ཞེས་བརྗོད་པའི་ཡུལ་དེར་སླེབས། ཟླ་བ་གཉིས་རིང་ཀྲུང་གོ་རྡོ་སྣུམ་གྱི་བོད་སྐྱོར་ལས་བྱེད་པ་ལེའང་ནན་ཡུས་ཀྱིས་སྤྱི་ལེ་ངོས་གྲུ་ཁྲི་11ཟིན་པའི་ཡུལ་དེའི་ཤང་དང་གྲོང་ཚོ་ཚང་མར་བསྐྱོད། དོན་དེར་མཚོ་གཉིས་རྫོང་བར་གླིང་ཤང་གི་ཏང་ཨུད་ཧྲུའུ་ཅི་ནོར་བུ་དགྲ་འདུལ་གྱི་བསམ་ཡུལ་ལས་འདས་ནས་བོད་སྐྱོར་ལས་བྱེད་པ་དེའི་སྙིང་སྟོབས་ལ་གཅིག་ནས་ཧང་བསང་པ་དང་གཉིས་ནས་གུས་བཀུར་ཆེན་པོ་སྐྱེས།
རང་བྱུང་ཆ་རྐྱེན་ཧ་ཅང་ཞན་པའི་དབང་གིས་མཚོ་གཉིས་རྫོང་དུ་དབུལ་པོ་ཐོན་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་གྲངས་ཐང་ལས་ཧ་ཅང་གིས་མཐོ་བ་ཡོད་པ་རེད། ཁོང་གིས་མཚོ་གཉིས་རྫོང་གི་རྒྱུན་ལས་རྫོང་དཔོན་གཞོན་པའི་འགན་འཁུར་རྗེས་ས་གནས་དེ་གའི་ཚྭ་སྦྱངས་སྒོ་ངའི་ཐོན་ལས་ལ་བརྟག་ཞིབ་བྱས་པ་དང་། དགུན་ཨ་རང་ད་རང་གི་སྐབས་སུའང་རྫོང་ཁོངས་ཀྱི་ཁྱེ་བཤང་མཚོའི་འགྲམ་དུ་གུར་བརྒྱབ་ནས་ཉིན་བཅུ་གྲངས་རྒྱུན་མཐུད་ནས་ལས་དོན་བསྒྲུབས།
ནོར་བུ་དགྲ་འདུལ་གྱིས་བརྗོད་དོན། སྐབས་དེར་མཚོ་འགྲམ་གྱི་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་20ལྷག་ཙམ་ལ་སླེབས་པ་དང་། གུར་ནང་དུ་དྲོད་ལེན་སྒྲིག་ཆས་གང་ཡང་མེད། རྫོང་དཔོན་གྱི་གདོང་ནས་པགས་པ་བུད་པ་དང་། མཆུ་ཏོ་གས་པས་ང་ཚོས་ཁོང་ཕྱིར་ལོག་བཏང་རུང་། ཁོང་གིས་ཚྭ་སྦྱངས་སྒོ་ངའི་ཐོན་ལས་སྤེལ་ཐུབ་ན་ང་ཚོས་དཀའ་སྡུག་གང་མྱོང་དགོས་རུང་མྱོང་རིན་ཆོག་ཡོད་ཅེས་བཤད་བྱུང་།
ད་ཆ་ཚྭ་སྦྱངས་སྒོ་ངའི་ལས་སྣོན་བཟོ་གྲྭ་སྐྲུན་བཞིན་ཡོད་པ་དང་། ལེའང་ནན་ཡུས་ཀྱིས་པེ་ཅིང་དུ་ལོག་པའི་གོ་སྐབས་བློས་བཏང་ནས་མུ་མཐུད་བོད་སྐྱོར་ལོ་གསུམ་བྱས་ཏེ་ཀྲུང་གོའི་ས་བབ་མཐོ་ཤོས་ཀྱི་རྫོང་དབུལ་སྒྲོལ་ཐུབ་རྒྱུའི་བྱ་གཞག་ལ་རྩེ་གཅིག་ཏུ་གཞོལ།
ལེའང་ནན་ཡུས་ནི་བོད་ལྗོངས་འཛུགས་སྐྲུན་གྱི་ལས་ལ་གཞོལ་མཁན་རྒྱ་རིགས་ལས་བྱེད་པ་མང་པོའི་ཁྲོད་ཀྱི་གྲས་ཤིག་རེད། དཀའ་སྡུག་གི་ལོ་ཟླའི་ཁྲོད་ས་མཐོར་གཞི་ཚུགས་པའི“བོད་སྐྱོད་པ་རྒན་གྲས”ནས་སྔ་འཛིན་རྗེས་མཐུད་ཀྱི་མི་རབས་གསར་པའི་བོད་ལྗོངས་འཛུགས་སྐྲུན་པའི་བར་མེས་རྒྱལ་གྱི་ས་ཕྱོགས་གང་ནས་ཡིན་རུང་གངས་ལྗོངས་ས་མཐོར་བཅངས་པའི་བརྩེ་བ་དང“མཐུན་སྒྲིལ་ཁྱད་པར་ཐུབ་པའི”སྙིང་སྟོབས་ལས་མི་རིགས་མི་འདྲ་བའི་ལས་བྱེད་པ་དང་བོད་ཀྱི་མང་ཚོགས་ཀྱི་སེམས་པ་དམ་པོར་སྦྲེལ་ཡོད།
བོད་ཀྱི་མི་འབོར་ཁྲི་300ལྷག་ཙམ་ནང་གྲངས་ཉུང་མི་རིགས་ཀྱིས་95%ཡན་བཟུང་ཡོད་པ་དང། བོད་རིགས་ཕུད་ད་དུང་ཧུད་རིགས་དང་། མོན་པ་རིགས། ལྷོ་པ་རིགས་སོགས་མི་རིགས་40ལྷག་ཙམ་དང་དེ་བཞིན་ཤར་པ་བ་དང་། ཏེང་པ་བ་སོགས་མི་འབོར་ཅུང་ཉུང་བའི་རིགས་ཚོགས་ཡོད། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་སྲིད་གཞུང་གིས་ཏེང་པ་བ་ནགས་ཁྲོད་ནས་སྤོ་རུ་བཅུག་ནས་ཏེང་པ་བ་གཞི་ནས་ས་མཐོའི་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་གཞན་དང་མཉམ་དུ་དེང་རབས་སྤྱི་ཚོགས་ནང་བསྐྱོད་ཐུབ་པ་རེད།
ང་ཚོས་བརྒྱུད་མྱོང་བ་ནི་ཏེང་པ་བ་དང་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་གཞན་དག་གི་ལས་དབང་ལ་འགྱུར་ལྡོག་སོང་བའི་བསྡུས་རིས་རེད་ཅེས་ལོ་42ཡིན་པའི་ཏན་ཉི་ཡ་ཡིས་བརྗོད། ཁོང་ནི་ཏེང་པ་བའི་སློབ་ཆེན་སློབ་མ་ཐོག་མ་དེ་ཡིན་ཞིང་། ཁོང་གི་ཨ་མ་ནི་བོད་རྙིང་པར་སྐྱེས་པ་ཞིག་ཡིན། བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་ཁོང་གི་ཨ་མ་དམག་དཔུང་ནང་ཞུགས་ཏེ། སྤྱི་ཚོགས་རྙིང་པའི་ཏེང་པ་བའི་ཕ་དབང་སྤྱི་ཚོགས་ནས་བཅིངས་འགྲོལ་ཐོབ་པ་རེད།
རྗེས་སུ་ཐན་ཉི་ཡ་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བདམས་རྗེས་ཁོང་གིས་བཏོན་གནང་བའི“ཏེང་པ་བ་སོགས་མི་རིགས་ཀྱི་ཐོབ་ཐང་ངོས་འཛིན་གསལ་པོ་ཐུབ་མེད་པའི་ཐོ་བཀོད་ཆ་འཕྲིན་དང་ཁེ་དབང་སྲུང་སྐྱོང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་གྲོས་འགོ”དེས་ཏེང་པ་བ་སོགས་ཀྱི་མི་འབོར་ཅུང་ཉུང་བའི་རིགས་ཚོགས་ཀྱི་ཐོབ་ཐང་ལག་ཁྱེར་གྱི་མི་རིགས་ཆ་འཕྲིན་བཟོ་བ་དང་ངོས་འཛིན་ཟང་ཟིང་གི་གནད་དོན་ཐག་གཅོད་ཐུབ་རྒྱུར་སྐུལ་འདེད་བཏང་ཡོད།
བོད་རང་སྐྱོང་ལྗོངས་ཀྱིས《〈དུས་བབ་གསར་པའི་འོག་མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར〉ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཏོན་ནས་མི་རིགས་ལས་དོན་གྱི་ལམ་སྲོལ་ཕྱོགས་ཡོངས་ནས་བཟོས་ཡོད། མིག་སྔར་བོད་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ནང་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་གྲངས་འབོར་མང་ཤོས་བཟུང་བ་དང་། མོན་པ་དང་། ལྷོ་པ། ཏེང་པ་བ་སོགས་ལ་སོ་སོའི་འཐུས་མི་ཡོད་པ་རེད།
མི་རིགས་ཁག་གི་ལས་བྱེད་པས་མི་སེམས་གཅིག་སྒྲིལ་དང་། ལས་སྒྲུབ་ལས་གཏོད་བྱས་ནས་བོད་ལྗོངས་སུ་གཡུར་ཟའི་གྲུབ་འབྲས་ཐོབ་པ་སྟེ།
—— མཆོང་སྐྱོད་རྣམ་པ་དང་སྤུས་ཚད་མཐོ་པོའི་འཕེལ་རྒྱས་མངོན་འགྱུར་བྱུང་བ། 1965ལོར་བོད་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་3.27ལས་མེད་པ་དང་། 2018ལོར་སྒོར་དུང་ཕྱུར་1400ལས་བརྒལ་ཡོད། 2018ལོར་བོད་དུ་མི་འབོར་དབུལ་པོ་ཁྲི་18ཉུང་དུ་སོང་བ་དང་། མི་འབོར་དབུལ་པོ་ལོ་6གོང་གི་ཁྲི་86ནས་ད་ལྟའི་ཁྲི་15བར་ཆག་ཡོད།
—— མི་དམངས་ཀྱི་འཚོ་བ་རྒྱུན་མཐུད་ལེགས་སུ་ཕྱིན་པ། བོད་ཀྱིས་རྒྱལ་ཡོངས་ཀྱི་སྔོན་ལ་སློབ་ཞུགས་གོང་ནས་མཐོ་འབྲིང་དུས་མཚམས་ཀྱི་ལོ་15ཡི་རིན་མེད་སློབ་གསོ་ཐོག་མར་མངོན་འགྱུར་བྱས་ནས། དྭ་ཕྲུག་ཚང་མ་དང་འདོད་མོས་ཡོད་པའི་འགན་ལེན་ལྔའི་དུད་ཚང་ལ་གཅིག་སྡུད་འཚོ་སྐྱོང་ཐུབ་པ་དང་། དེ་བཞིན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་ཚང་མ་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་ནང་ཞུགས་ཐུབ་ཡོད།
—— སྣོད་བཅུད་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གི“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ནང་བཅུག་ཡོད། མིག་སྔར། བོད་དུ་གསར་སྤེལ་བྱེད་མི་ཆོག་པ་དང་གསར་སྤེལ་ཚོད་འཛིན་གྱི་ས་ཆའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་80ཟིན་ནས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ཀྱི་ས་ཁྱོན་གྱི་70%ཙམ་བཟུང་ཡོད་པ་རེད།