དབུ་ཤོག>གསར་འགྱུར།
  • ཐོག་མའི་བསམ་འདུན་དེ་གཙོ་བོ་ལག་ལེན་ལ་ཐུག་ཡོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2019-09-10

    གསོན་ཤུགས་ཀྱིས་ཁེངས་པ་དང་དྲི་ཞིམ་རབ་ཏུ་འཐུལ་བའི་ཞིང་ནང་དང་མུ་ཁར་བསྐྱོད་ཚེ་ཚན་རིག་ཞིབ་འཇུག་གི་གོམ་སྟབས་སྔར་བས་གསལ་པོ་དང་། དངོས་དངོས་རྗེན་རྗེན། དེ་བས་འོད་སྟོང་འབར་བ་ཞིག་ཡོད་པ་མཐོང་ཐུབ། ལོ་34ཡི་རིང་ཡུས་ཏའེ་ལིན་གྱིས་རང་འཁྲིའི་ལས་གནས་ཐོག་གཞི་ཚུགས་པ་དང་ས་མཐོའི་ཚན་རྩལ་བྱ་གཞག་ལ་ལྷག་བསམ་ཟོལ་མེད་ཀྱི་བསམ་པ་བཅངས་ཏེ་ནས་ཀྱི་སོན་བཟང་ཁྱབ་གདལ་གཏོང་རྒྱུར་གཞོལ་བས་རྐང་རྗེས་བོད་ཀྱི་ཞིང་ཁུལ་ཡོངས་ལ་ཁྱབ་ཡོད། བོད་ཀྱི་མི་དམངས་ཀྱི་བུ་ཕྲུག་ཅིག་ཡིན་པའི་ངོས་ནས་ཡུས་ཏའེ་ལིན་གྱིས་རྐང་པའི་འོག་གི་ས་ཞིང་དང་འབྲོག་རར་དགའ་ཞེན་བྱེད་པ་དང་། ས་མཐོའི་ཞིང་འབྲོག་ཚན་རྩལ་ལས་དོན་པ་ཞིག་ཡིན་པའི་ངོས་ནས་ཡུས་ཏའེ་ལིན་གྱིས་ལག་ནང་གི་ནས་སོན་ལ་དགའ་ཞེན་བྱེད་པ། ཏང་ཡོན་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་ཡུས་ཏའེ་ལིན་གྱིས་རང་ཉིད་ཉེ་འགྲམ་གྱི་ཞིང་འབྲོག་མང་ཚོགས་ལ་དགའ་ཞེན་བྱེད་པ་ལ་སོགས་ཁོང་གིས་རང་ཉིད་ཀྱི་དགའ་ཞེན་དེ་མི་ཚེའི་རིན་ཐང་དོན་གཉེར་ལ་འགྱུར་བ་དང་རང་ཉིད་ཀྱི་ཕུགས་བསམ་དང་དད་སེམས་ལ་འགྱུར་བ་བཏང་སྟེ་དཔྱད་རྩོམ་ས་མཐོའི་ས་གཞི་ཆེ་མོར་བྲིས་པ་དང་བློ་རིག་དང་རྔུལ་ཆུར་བརྟེན་ནས་བོད་ཀྱི་ཞིང་འབྲོག་ལས་ཐོན་འཕར་དང་། མང་ཚོགས་འབབ་འཕར་ཕྱུག་འགྱུར། ནས་ཀྱི་སོན་བཟང་ཚན་ཞིབ་བཅས་ཀྱི་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། 

    ང་ཚོས་བློ་མཐུན་ཡུས་ཏའེ་ལིན་གྱི་འཁང་ར་དང་གནོང་འགྱོད་མེད་པར་གཞི་རིམ་དུ་གཞི་ཚུགས་པའི་དད་སེམས་བརྟན་པོར་སློབ་སྦྱོང་བྱེད་དགོས། མང་ཚོགས་ལ་བརྩེ་དུང་ཡོད་མེད་ནི་ལས་བྱེད་པའི་དམིགས་ཡུལ་འདུ་ཤེས་ལ་བརྟག་བཤེར་བྱེད་པའི་ཚད་གཞི་ཞིག་རེད། བློ་མཐུན་ཡུས་ཏའེ་ལིན་གྱིས་ནུབ་བྱང་ཞིང་ལས་རིག་པ་སློབ་གླིང་ནས་ཐོན་རྗེས་ཞིང་ལས་ཚན་ཞིབ་ཁྲོད་ཞུགས་པ་དང་འགན་འཁྲི་ལྕི་པོ་འཁུར་ཏེ་ཞིང་འབྲོག་མང་ཚོགས་ལ་ཞབས་འདེགས་ཞུས་པ་འདི་ནི་ཁོང་གི་མི་ཚེའི་རིན་ཐང་གདམ་ག་བྱས་པ་ཞིག་དང་མི་ཚེའི་དད་སེམས་མཚོན་ཚུལ་ཞིག་རེད། ཁོང་གིས་ངལ་དུབ་ལ་མི་འཛེམས་པར་རྒྱུན་འཁྱོངས་ལྷོད་མེད་ངང་འཚོལ་ཞིབ་བྱས་པ་དང་ལོ་34ཡི་ཁྲོད་ལོ་24ས་མཐོའི་ཞིང་ཁུལ་དུ་བརྟན་སྲུང་བྱས་ཏེ་བོད་ཀྱི་རྫོང(ཆུས)16གི་ཞིང་ཁར་བསྐྱོད་ནས་ཞིང་ཁ་མུའུ་ཁྲི་200ལྷག་ཙམ་ལ་སོན་བཟང་བཏབ་པ་དང་ཆེས་སྔོན་ཐོན་དང་སྤྱོད་གོ་ཆོད་པའི་ཞིང་འབྲོག་ཚན་རྩལ་ཞིང་དུད་ཁྲི་སྟོང་མང་པོའི་སར་བསྐྱལ་བ་རེད། 

    ང་ཚོས་བློ་མཐུན་ཡུས་ཏའེ་ལིན་གྱི་དམ་པ་དོན་གཉེར་དང་བློ་གཅིག་སེམས་གཅིག་གིས་དམངས་ཆེད་ལས་དོན་སྒྲུབ་པའི་ལས་ཀའི་སྤྱོད་ཚུལ་ལ་སློབ་སྦྱོང་བྱེད་དགོས། འཕེལ་རྒྱས་ལ་ཏན་ཏན་ཏིག་ཏིག་གི་གྲུབ་འབྲས་དགོས་པ་དང་མང་ཚོགས་ལ་དངོས་དངོས་རྗེན་རྗེན་གྱི་ཐོབ་ཚོར་དགོས། 1994ལོར་རྒྱུད་འདྲེས་འདེམས་གསོ་བྱས་པ་ནས་2013ལོར་ཞིབ་བཤེར་གཏན་འབེབས་བྱས་པའི་བར་ལོ་19ཡི་ཉིན་མཚན་7000ཙམ་ལ་ཡུས་ཏའེ་ལིན་གྱིས་ཉིན་ལྟར་ལྟ་ཞིབ་དང་། ཐོ་འགོད། ཚོད་ལྟ་བཅས་ཡང་ཡང་བྱས་ནས་ཟིན་བྲིས་དེབ་མང་པོ་ཞིག་གི་ཐོག་གྲངས་གཞི་འབོར་ཆེན་ཞིག་བྲིས་པ་དང་སོན་ཁྲི་སྟོང་མང་པོ་དབྱེ་འབྱེད་ཀྱིས་གྲུབ་འབྲས་ཐོབ་པའི་ངང“བོད་ནས་ཨང་2000པའི”སོན་བཟང་གསོ་སྤེལ་ཐུབ་སྟེ་ལོ་ལེགས་དང་སྤྲོ་སྣང་ཞིང་པ་ཚོར་སྦྱིན་པ་རེད། 

    ང་ཚོས་བློ་མཐུན་ཡུས་ཏའེ་ལིན་གྱི་གཞན་ཡུལ་ཕ་ཡུལ་དུ་བརྩི་བ་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི“བོད་སྐྱོད་པ་རྒན་གྲས”ཀྱི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་དགོས། “བོད་སྐྱོད་པ་རྒན་གྲས”ཀྱི་སྙིང་སྟོབས་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་འགྲིལ་བ་དང་། འབད་འཐབ་ཡར་བརྩོན། འབད་འབུངས་ཆེར་སྐྱེད། ཚན་རིག་དང་མཐུན་པའི་འཕེལ་རྒྱས་བཅས་ཀྱི་སྟོབས་ཤུགས་ཀྱི་འབྱུང་རྩ་དང་བོད་ཀྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོའི་ལྟེ་བའི་རིན་ཐང་ལྟ་བ་ཞིག་རེད། “བོད་སྐྱོད་པ་རྒན་གྲས”ཞེས་པ་འབོད་ཚིག་ཙམ་མིན་པར་འདི་ནི“གནམ་ས་འགུལ་བའི་ལས་ཀ་བྱེད་པ་དང་སྐད་གྲགས་མེད་པའི་མི་ཞིག་བྱེད་པར”གནོང་འགྱོད་མེད་པ་དང་། ཚོད་ལྟ་ཁང་ནང་ཉིན་མཚན་བལྟོས་མེད་དང་གཉིད་འདོར་ཟས་བརྗེད་ཀྱི་དཀའ་སྤྱད་བརྩོན་ཞིབ། ཚོད་ལྟའི་ས་ཞིང་དུ་ལྟ་ཞིབ་ཐོ་འགོད་ཁྲི་ཕྲག་མང་པོ་བྱེད་པའི་ལས་གནས་བརྟན་སྲུང་། ཞིང་ནང་དང་མུ་ཁར་བསྐྱོད་དེ་སོན་བཟང་དང་ཚན་རྩལ་ཁྱབ་གདལ་གཏོང་བའི་ངང་རྒྱུད་རིང་པོ་བཅས་རེད། ཉིན་ལྟར་ཞིང་ནང་དུ་མྱུ་གུ་སྐྱེ་ཚུལ་ལ་ལྟ་བར་འགྲོ་བ་ནི་ཡུས་ཏའེ་ལིན་གྱི་ལོ་བཅུ་ཕྲག་རིང་ཡུས་ཏའེ་ལིན་གྱི་སེམས་རྒྱུད་དུ་འཇགས་པའི་གོམས་གཤིས་ཤིག་ཡིན་པ་དེ་ལས་ཁོང་གིས་རང་ཉིད་ཀྱི་འཚོ་བར་བསམ་བློ་གཏོང་ཁོམ་མེད་པར་ད་ལྟའང་རང་ཉིད་ལ་དབང་བའི་ཁང་པ་དང་རླངས་འཁོར་ལྟ་ཞོག་ཐ་ན་གྱོན་གོས་ངོ་དྲག་པ་གཅིག་ཀྱང་མེད། འདི་ནི“བོད་སྐྱོད་པ་རྒན་གྲས”ཀྱི་སྤྱོད་གཙང་དང་ཁེ་གྲགས་སྤོང་བ་དང་ལས་གནས་བརྟན་སྲུང་བྱེད་པའི་མཚོན་ཚུལ་ཞིག་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།