དབུ་ཤོག>གསར་འགྱུར།
  • བདག་པོའི་འདུ་ཤེས་འཛིན། མགྲོན་པོའི་བསམ་བློ་དོར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-09-03

    ལོ་གསུམ་གོང་། ཅ་ཡུན་ལེང་གིས་རྒྱལ་ཁབ་ཀྱི་བོད་སྐྱོར་གྱི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས། མ་སྐུལ་དང་བླངས་ངང་མིང་ཐོ་བཀོད་དེ། ནང་སའི་ཀྲེན་ཅང་གྲོང་ཁྱེར་ནས་ས་བབ་མཐོ་ཚད་སྨི་4100ལྷག་ཙམ་ཡོད་པའི་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་སུ་ཡོང་སྟེ། ལོ་གསུམ་གྱི་བོད་སྐྱོར་ལས་དོན་སྒྲུབ་འགོ་ཚུགས།

    ཁོང་གིས་རྣམ་གྲངས་དང་མ་དངུལ་ཐོག་ནས་བོད་སྐྱོར་ལ་སྣང་ཆེན་བྱས་ཤིང་། ཅང་སུའུ་ཁང་ཧོ་ཀུང་སི་དང་ཅང་སུའུ་ཆོན་ཅིང་རྒྱལ་སྤྱིའི་ཡུལ་སྐོར་ལས་དོན་ཁང་སོགས་དང་མཉམ་ལས་བྱས་ནས། རིམ་པ་དང་སྤུས་ཚད་མཐོ་རུ་གཏོང་བ་དང་སྤུས་རྟགས་གཏོད་པའི་བསམ་ཕྱོགས་གཞིར་བཟུང་། ཁུལ་ཡོངས་ཡུལ་སྐོར་དང་ཁྱད་ལྡན་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་བཏང་བ་རེད། ཁོང་གི་འབད་འཐབ་འོག བྲག་ཡེར་པ་གྲོང་ཚོ་གསར་སྐྲུན་དང་སྤྱིའི་འཆར་འགོད་2018ལོའི་ལོ་འཁོར་གྱི་WAFཡི་འཛམ་གླིང་སྐྲུན་དངོས་དུས་ཆེན་གྱི་བྱ་དགའ་ཆེན་པོའི་མིང་གྲས་སུ་ཚུད་པ་དང་། མ་དངུལ་སྒོར་ཁྲི་3000བཏང་བའི་བྲག་ཡེར་པའི་མཛེས་ལྗོངས་ཁུལ་གྱི་དུས་ཐེངས་དང་པོའི་ལས་ཀ་གཙོ་བོ་ལས་མཇུག་འགྲིལ་ཡོད། པོ་ཏ་ལ་རིག་གནས་ཡུལ་སྐོར་ཚོགས་པ་དང་མཉམ་ལས་བྱས་ནས། མ་དངུལ་སྒོར་དུང་ཕྱུར་3བཏང་བའི་པད་ནག་ལུང་ཤུར་གྱི་ཨ་ཁུ་སྟོན་པའི་འཁྲུངས་ཡུལ་གྱི་བརྗོད་དོན་གཙོ་བོའི་སྤྱི་གླིང་གི་རྣམ་གྲངས་དང་། མ་དངུལ་སྒོར་ཁྲི་3300བཏང་བའི་ལྷ་སའི་བྱང་སྐོར་ལམ་གྱི་ཐོན་ལས་དབུལ་སྐྱོར་སྤེལ་རེས་ལྟེ་གནས་དང“སྤྲིན་གསེབ་སྟག་རྩེའི”དྲ་ཐོག་ཚོང་དོན་རྟེན་གཞིའི་རྣམ་གྲངས། མ་དངུལ་སྒོར་ཁྲི་500བཏང་བའི་གྲུབ་བཞི་ལུང་ཤུར་གྱི་རྐང་ཐང་མའི་སྒར་ས་སོགས་ཀྱི་རྣམ་གྲངས་ལག་ལེན་བསྟར་སྒང་ཡིན་པ་རེད།

    ཁོང་གིས་སྤུས་རྟགས་དང་ཁྲོམ་ར་ཁྱབ་གདལ་གྱི་བོད་སྐྱོར་ལ་སྣང་ཆེན་བྱས་ཤིང་། སྟག་རྩེའི་ས་གཙང་ཐོན་ལས་དང་། སྟག་རྩེའི་ཡུལ་སྐོར་ཐོན་ལས་ཀུང་སི། སྟག་རྩེའི་བཟོ་ཚོང་ལས་གཉེར་ཀུང་སི་བཅས་ཀྱི་ཁྲོམ་རའི་ལེགས་ཆ་གང་ལེགས་སྤྱད་དེ། སྟག་རྩེའི་ཞིང་ལས་ཐོན་ལས་གླིང་ཁག་གཉིས་པའི་རྒྱལ་ཁབ་ཞིང་ལས་ཐོན་ལས་ཅན་གྱི་དཔེ་སྟོན་རྟེན་གཞིར་གཏོད་རྒྱུ་དང་། སྟག་རྩེའི་རང་སྐྱོང་ལྗོངས་རིམ་པའི་བཟོ་ལས་གླིང་རྒྱལ་ཁབ་བཟོ་ལས་ཡུལ་སྐོར་དཔེ་སྟོན་ཁུལ་ལ་གཏོད་རྒྱུ། སྟག་རྩེའི་བྲག་ཡེར་པ་ཀྲུང་གོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་དང་རྒྱལ་སྤྱིའི་A4རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་གཏོད་རྒྱུ། སྟག་རྩེ་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་དར་སྤེལ་གཏོང་བའི་ཕྱོགས་བསྡུས་དཔེ་སྟོན་ཁུལ་དུ་གཏོད་རྒྱུ་སོགས་ལ་སྐུལ་འདེད་བཏང་ནས། སྟག་རྩེའི་ཐོན་ལས་བོད་སྐྱོར་དང་སྤུས་རྟགས་བོད་སྐྱོར་སྐྱེད་སྲིང་གང་ཐུབ་བྱས་པ་རེད། མྱུར་བགྲོད་ལྕགས་ལམ་སྤྱི་ཁྱབ་ཀུང་སི་དང་མཉམ་ལས་བྱས་ནས། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་འཕྲིན་ལམ་བཞི་པའི《འཚོལ་ཞིབ་དང་ཤེས་རྟོགས》ཀྱི་ལེ་ཚན་ཚོགས་ཆུང་གི་འཁྲབ་ཁྲིད་ཚོགས་པས་པར་ལེན་བྱས་པའི་སྟག་རྩེའི་ཁུལ་གྱི་རིག་གནས་ཡུལ་སྐོར་གྱི་ཆེད་དོན་པར་གཞི་ཅིང་ཧུའུ་མྱུར་བགྲོད་ལྕགས་ལམ་གྱི་བརྙན་འཕྲིན་དང་ལེ་ཧྲེ་དྲ་བ་སོགས་ཀྱི་སྨྱན་སྦྱོར་ལས་སྟེགས་ཐོག་སྟོན་པ་རེད། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་དང་། མྱུར་བགྲོད་ལྕགས་ལམ་གྱི་བརྙན་འཕྲིན། ཞེ་ཁྲེང་དྲ་བ་སོགས་དང་མཉམ་ལས་བྱས་ནས། “མཁའ་དབྱིངས་ཀྱི་བོད་ལྗོངས། སྤྲིན་དཀར་གྱིས་བརྒྱན་པའི་སྟག་རྩེ”བརྗོད་དོན་གཙོ་བོར་བྱས་པའི་དྲིལ་བསྒྲགས་པར་གཞི་བཏོན་པས། མི་ཐེངས་ཁྲི་8000ལྷག་ཙམ་གྱི་ཡིད་དབང་འཕྲོག་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།