“ལོ་ལྔ་ཚན་བཅུ་གཉིས་པ”ནས་བཟུང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚད་མཐོའི་མཐོང་ཆེན་དང་ཤུགས་ཆེའི་རྒྱབ་སྐྱོར་འོག རང་ལྗོངས་ཀྱི་ལས་རིགས་སློབ་གསོའི་མ་ལག་རྒྱུན་ཆད་མེད་པར་ལེགས་བཅོས་དང་སློབ་གཉེར་རྣམ་པ་རྒྱུན་ཆད་མེད་པར་གསར་གཏོད་བྱས་སྟབས། སློབ་མ་བསྡུ་བའི་གཞི་ཁྱོན་དང་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད། འོན་ཀྱང་། ལས་རིགས་སློབ་གསོ་སྔར་རྒྱུན་བཞིན་རང་ལྗོངས་ཀྱི་སློབ་གསོའི་མ་ལག་འཕེལ་རྒྱས་ཁྲོད་ཀྱི་ཞན་ཆ་ཞིག་ཡིན། སྤྱི་ཚོགས་ཀྱིས་ལས་རིགས་སློབ་གསོའི་ཁས་ལེན་བྱེད་ཚད་དེ་ཙམ་གྱིས་མཐོ་པོ་མེད་པ་དང་། ལས་རིགས་སློབ་གསོའི་གསོ་སྐྱོང་སྒྲིག་གཞི་དང་ཆེད་ལས་སྒྲིག་བཀོད་ལུགས་དང་མི་མཐུན་པས། ཁྲོམ་རའི་དགོས་མཁོ་དང་སྤྱི་ཚོགས་ཀྱི་དགོས་མཁོ་སྐོང་ཐུབ་ཀྱི་མེད། སྨྱུག་འཛིན་པའི་བསམ་པར། ལས་རིགས་སློབ་གསོ་ལེགས་ཤིང་མྱུར་བའི་ཐོག་ནས་འཕེལ་རྒྱས་ཡོང་འདོད་ན། འགག་རྩ་ནི་འདུ་ཤེས་ལ་འགྱུར་བ་གཏོང་བ་དང་། དམིགས་འབེན་གསལ་པོ་བཟོ་བ། ཐབས་ལམ་གསར་པ་གཏོད་པ། རང་གི་ཁྱད་ཆོས་ཆགས་པ་བཅས་བྱེད་རྒྱུ་དེ་ཡིན།
གཅིག་ནས། ངོས་འཛིན་གོང་མཐོར་བཏང་ནས་ལས་རིགས་སློབ་གསོ་འདི་ཉིད་ཆེས་མངོན་གསལ་དོད་པའི་གནས་སའི་ཐོག་འཇོག་དགོས། སྤྱི་ཚོགས་ཡོངས་ཀྱིས་ལས་རིགས་སློབ་གསོའི་འཕེལ་རྒྱས་ལ་ཐུགས་འཁུར་དང་། སྣང་ཆེན། རྒྱབ་སྐྱོར་བཅས་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱེད་དགོས། སྤྱི་ཚོགས་ལས་རིགས་ཁག་གིས་ལས་རིགས་སློབ་གསོར་སྣང་ཆུང་བྱེད་པའི་འདུ་ཤེས་མེད་པ་བཟོ་རྒྱུར་སྣེ་ཁྲིད་དང་། རྒྱུན་ཆད་མེད་པར་ལག་རྩལ་མི་སྣའི་སྤྱི་ཚོགས་ཀྱི་གནས་བབ་གོང་མཐོར་གཏོང་བ། དེ་བཞིན་ནུས་ཤུགས་ཡོད་རྒུས་དར་མའི་སློབ་གསོ་དང་རྒྱུན་མཐུད་སློབ་གསོ། སྡེ་ཁུལ་སློབ་གསོ་འཕེལ་རྒྱས་བཏང་ནས། ལས་ཐོག་མི་སྣ་དང་སྡེ་ཁུལ་གྲོང་མི་སོགས་ལ་རྣམ་པ་མི་འདྲ་བའི་ཐོག་ནས་སློབ་གསོ་དང་སྦྱོར་བརྡར་མཁོ་འདོནགྱིས་རྒྱུན་ཆད་མེད་པར་ལས་རིགས་སློབ་གསོའི་ཐབས་ལམ་རྒྱ་བསྐྱེད་བཏང་སྟེ། ལས་རིགས་སློབ་གསོས་སྤྱི་ཚོགས་ལ་ཤུགས་རྐྱེན་ཐེབས་ཤུགས་མཐོ་རུ་གཏོང་དགོས།
གཉིས་ནས། སྒྱུར་བཅོས་གཏིང་ཟབ་བྱས་ཏེ་སློབ་གསོའི་མ་ལག་སྒྱུར་བཅོས་དང་ལམ་ལུགས་གསར་གཏོད་ལ་སྐུལ་འདེད་གཏོང་དགོས། ལས་རིགས་སློབ་གསོ་ལེགས་ཤིང་མྱུར་བའི་ཐོག་ནས་འཕེལ་རྒྱས་ཡོང་བར་ངེས་པར་དུ་རང་ངོས་ཀྱི་གནས་སྟངས་ཁ་གསལ་དང་། ཁྲོམ་རའི་མཐུད་ཁ་མ་ནོར་བར་འཚོལ་བ། ཐོན་སྐྱེད་ལག་ལེན་དང་ལག་རྩལ་ཁྱབ་སྤེལ། སྤྱི་ཚོགས་ཞབས་ཞུ་བཅས་ཟུང་འབྲེལ་དམ་ཟབ་བྱས་ནས། བབ་བསྟུན་ངང་ཁྲོམ་རའི་འགྱུར་ལྡོག་ལ་ཁ་གཏད་གཅོག་དགོས།
གསུམ་ནས། བསམ་བློར་འགྱུར་ལྡོག་བཏང་ནས་ལས་རིགས་སློབ་གསོའི་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་ཡོང་བ་བྱེད་དགོས། ལས་རིགས་སློབ་གསོའི་འཕེལ་རྒྱས་འདས་ཟིན་པའི་མྱུར་ཚད་དང་གྲངས་ཚད་ལ་དོ་སྣང་ཁོ་ན་བྱེད་པ་ནས་སྤུས་ཚད་དང་ཕན་འབྲས་ལ་དོ་སྣང་བྱེད་རྒྱུར་འགྱུར་ལྡོག་གཏོང་དགོས་པ་དང་། གཞི་ཁྱོན་རྒྱ་བསྐྱེད་དང་སྤུད་ཚད་གོང་མཐོར་གཏོང་རྒྱུའི་དབར་གྱི་འབྲེལ་བ་ཐག་གཅོད་ལེགས་པོ་བྱེད་དགོས། ནུས་ཤུགས་གཙོ་བོ་ལས་རིགས་སློབ་གསོའི་ཆུ་ཚད་དང་སྤུས་ཚད་གོང་མཐོར་གཏོང་རྒྱུ་དང་། བྱང་ཚད་མཐོ་བའི་སློབ་མ་གསོ་སྐྱོང་། བྱང་ཚད་མཐོ་བའི་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་བཅས་ཀྱི་སྟེང་བཞག་ནས། ལས་རིགས་སློབ་གསོའི་འཁོར་རྒྱུག་བཟང་པོ་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ནུས་ཤུགས་ཡོད་རྒུས་ཁྱད་ལྡན་སློབ་གཉེར་གོང་མཐོར་གཏོང་བ་དང་། སློབ་གསོ་དང་སྦྱོང་བརྡར་གྱི་སྤུས་དག་བསྐྲུན་པ། སྤྱི་ཚོགས་ཀྱི་ཤུགས་རྐྱེན་ནུས་པ་རྒྱ་བསྐྱེད་གཏོང་བ་བཅས་བྱས་ནས་སློབ་གཉེར་སྤུས་ཚད་གོང་མཐོར་གཏོང་དགོས།
མཇུག་ཏུ། སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་ནས་སྔོན་ཐོན་ཀྱི་ཉམས་མྱོང་དང་མ་དཔེ་དཔྱད་གཞིར་འཛིན་དགོས། སློབ་གྲྭ་དང་ཁེ་ལས་མཉམ་ལས་དང་། ཐོན་སྐྱེད་དང་སློབ་གསོ་མཉམ་འབྲེལ་ལ་ཤུགས་སྣོན་བརྒྱབ་ནས། སློབ་གསོའི་རིམ་པའི་ཐད་རིམ་པ་རིམ་འཕེལ་གྱི་སློབ་གཉེར་རྣམ་པ་ཆགས་པ་བྱས་ནས་རིམ་པ་མི་འདྲ་བའི་སློབ་གསོའི་དགོས་མཁོ་སྐོང་ཐུབ་པ་བྱེད་དགོས། སློབ་གཉེར་ཐབས་ལམ་ཐད། སྲིད་གཞུང་དང་། ཁེ་ལས། སྡེ་ཁུལ་སོགས་ཀྱི་ནུས་ཤུགས་བེད་སྤྱད་ནས་སྤྱི་ཚོགས་ཡོངས་ཀྱི་ནུས་པ་གཅིག་སྦྲེལ་གྱིས་ལས་རིགས་སློབ་གསོ་གཉེར་བའི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱེད་དགོས།(བོད་ལྗོངས་དྲ་འཕྲིན་གཞུང་ལས་ཁང་། ཟླ་སྒྲོན)