ཉིན་ཤས་གོང་། གསར་འགོད་པར་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར། འདི་ལོ་ཚུན་དུ་རང་ལྗོངས་ཀྱིས་བོད་སྐྱོར་དབུལ་སྐྱོར་རྣམ་གྲངས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་ཀྱི་བཞུགས་མོལ་ཚོགས་འདུ་དང་2017ལོ་དང་2018ལོའི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་ཁ་གཏད་བོད་སྐྱོར་དབུལ་སྐྱོར་ལས་དོན་ཚོགས་འདུའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་པར་དོན་ཐོག་ཏུ་འཁྱོལ་བའི་བོད་སྐྱོར་དབུལ་སྐྱོར་གྱི་རྣམ་གྲངས་25ཟིན་པ་དང་དམིགས་སར་འབྱོར་བའི་མ་དངུལ་སྒོར་དུང་ཕྱུར་61.78ཟིན་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོ་ནས་2020ལོའི་བར། ཀྲུང་དབྱང་གིས“ཁུལ་གསུམ་དང་ཀྲོའུ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གནས་སའི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱིས་ལོ་ལྟར་ས་ཁུལ་དབུལ་པོའི་དབུལ་སྒྲོལ་འགག་སྒྲོལ་གྱི་ཡུལ་དངོས་ཀྱི་སྐུལ་འདེད་ཚོགས་འདུ་ཐེངས་རེ་འཚོག་དགོས་པ་ཁ་གསལ་བཏོན་ཡོད། རང་ལྗོངས་ཀྱིས་2016ལོ་ནས་བཟུང་ཚོགས་འདུ་དེ་རིགས་འཚོགས་པ་དང་2017ལོ་ནས་བཟུང་ལོ་ལྟར་ཚོགས་འདུའི་ཐོག་བོད་སྐྱོར་རྣམ་གྲངས་ཀྱི་གན་འཇོག་མཛད་སྒོ་གཉེར་གྱི་ཡོད། འདི་ལོའི་བོད་རང་སྐྱོང་ལྗོངས་ཀྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ཡུལ་དངོས་ཀྱི་སྐུལ་འདེད་དང་ཁ་གཏད་བོད་སྐྱོར་དབུལ་སྐྱོར་ཟབ་གཏོང་གི་ལས་དོན་ཚོགས་འདུ་དེ་ཟླ་6ཚེས་17ཉིན་ཉིང་ཁྲི་གྲོང་ཁྱེར་དུ་འཚོགས་ཤིང་། བོད་སྐྱོར་རྣམ་གྲངས་202ལ་ཡུལ་དངོས་སུ་གན་རྒྱ་འཇོག་པའི་མཛད་སྒོ་གཉེར་བར་གན་འཇོག་མ་དངུལ་སྒོར་དུང་ཕྱུར་151ཟིན་པ་དང་། གན་འཇོག་རྣམ་གྲངས་དང་མ་དངུལ་གྱི་གྲངས་འབོར་གཉིས་ཀ་ཆེས་ཆེར་འཕར་ཡོད་པ་རེད།
དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་འགོ་ཚུགས་ཚུན། བོད་ཀྱི་མི་འབོར་དབུལ་པོ་ཁྲི་59ནས་ཁྲི་15བར་ཉུང་དུ་ཕྱིན་པ་དང་། རྫོང(ཆུས)དབུལ་པོའི་གྲངས་འབོར་74ནས་19བར་ཉུང་དུ་ཕྱིན་ཏེ། དབུལ་པོའི་ཞྭ་མོ་འཕུད་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ། དབུལ་པོའི་གྲངས་ཚད་25.2%ནས་5.6%བར་ཆག་ཡོད། འདི་ལོ་རང་ལྗོངས་ཀྱིས་ལོ་འདིའི་ནང་དབུལ་པོ་དབུལ་རྐྱང་མི་ལྷག་པའི་བརྩོན་ལེན་བྱས་ཏེ། མི་འབོར་དབུལ་པོ་ལྷག་མ་ཁྲི་15དང་རྫོང་དང་ཆུས་དབུལ་པོ་19དབུལ་སྒྲོལ་དང་དབུལ་ཞྭ་འཕུད་པར་བྱེད་པ་དང་། 2020ལོར་སླེབས་སྐབས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ཕྱོགས་ཡོངས་ནས་སྲ་བརྟན་དང་གོང་མཐོར་བཏང་ནས་རྫོང་དབུལ་པོ་གོ་རིམ་ལྡན་པའི་ངང་དབུལ་སྒྲོལ་ཡོང་བའི་འགན་ལེན་བྱ་རྒྱུ་རེད།