དབུ་ཤོག>གསར་འགྱུར།
  • བོད་སྐྱོར་ཁག་དགུ་པ་དང་མཚོ་སྐྱོར་ཁག་བཞི་པའི་ལས་བྱེད་པ་དང་ཤེས་ལྡན་པ་བོད་ལྗོངས་དང་མཚོ་སྔོན་དུ་འབྱོར་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2019-07-31

    བོད་སྐྱོར་ཁག་དགུ་པ་དང་མཚོ་སྐྱོར་ཁག་བཞི་པའིལས་བྱེད་པ་དང་ཤེས་ལྡན་པ་ཉེ་ཆར་བོད་ལྗོངས་དང་མཚོ་སྔོན་དུ་གཅིག་རྗེས་གཉིས་མཐུད་དུ་བསྐྱོད་དེ། དུས་ཡུན་ལོ་གསུམ་གྱི་བོད་སྐྱོར་མཚོ་སྐྱོར་གྱི་ལས་དོན་སྒྲུབ་འགོ་ཚུགས་པ་རེད། ཟླ་7ཚེས་29ཉིན། ཀྲུང་དབྱང་ཚན་པའི་བོད་སྐྱོར་མཚོ་སྐྱོར་གྱི་ལས་བྱེད་པ་དང་ཤེས་ལྡན་པ་ལྷ་ས་དང་ཟི་ལིང་དུ་འབྱོར་བ་རེད།

    བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་པ་དང་ཏང་ཀྲུང་དབྱང་གི་བོད་སྐྱོང་མཛད་ཇུས་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱ་ཆེད། ལས་བྱེད་པ་དང་ཤེས་ལྡན་པའི་ཁ་གཏད་རོགས་སྐྱོར་ལས་དོན་གྱི་བཀོད་སྒྲིག་གཞིར་བཟུང་། ཀྲུང་དབྱང་རྩ་འཛུགས་པུའུ་དང་མི་སྤྱི་པུས་འདི་ལོར་བོད་སྐྱོར་ཁག་དགུ་པ་དང་མཚོ་སྐྱོར་ཁག་བཞི་པའི་ལས་བྱེད་པ་དང་ཤེས་ལྡན་པ་འདེམས་གཏོང་ལས་དོན་སྒྲིག་འཛུགས་བྱས་ནས་སྤེལ་བ་དང་། འདེམས་གཏོང་ལས་འགན་འཁུར་མཁན་ཀྲུང་དབྱང་ཚན་པ་105དང་ཞིང་ཆེན་དང་གྲོང་ཁྱེར་17གྱིས་ཚད་མཐོའི་མཐོང་ཆེན་དང་། རྒྱ་ཆེའི་ལས་བྱེད་པ་དང་ཤེས་ལྡན་པས་འཚང་ཁ་ཤིག་ཤིག་གིས་མིང་ཐོ་འགོད་པ། རིམ་ཁག་རྩ་འཛུགས་ཀྱིས་རིམ་མཉམ་ལེགས་འདེམས་ཀྱི་འདེམས་གཏོང་བླང་བྱ་དོན་འཁྱོལ་ནན་ཏན་བཅས་བྱས་ནས། བོད་སྐྱོར་མཚོ་སྐྱོར་གྱི་ལས་དོན་དེ་ལས་བྱེད་པ་དང་ཤེས་ལྡན་པ་སྦྱོང་བརྡར་བྱེད་སའི་ལས་སྟེགས་རྩ་ཆེན་ཞིག་ཏུ་བརྩི་བ་དང་ན་གཞོན་ལས་བྱེད་པ་ཕུལ་བྱུང་གི་ཁྲོད་ནས་འོས་སྦྱོར་དང་འདེམས་གཏོང་གཙིགས་སུ་བཟུང་སྟེ་རིམ་པ་བཞིན་གདམ་གསེས་དང་ཡག་ཁྲོད་ལེགས་འདེམས་བྱས་མཐར་བོད་སྐྱོར་མཚོ་སྐྱོར་གྱི་ལས་བྱེད་པ་དང་ཤེས་ལྡན་པ་2307གཏན་འཁེལ་བྱས་པ་རེད།

    ཁག་སྔོན་མའི་འདེམས་གཏོང་གནས་ཚུལ་དང་བསྡུར་ན། ཁག་གསར་པའི་ལས་བྱེད་པ་དང་ཤེས་ལྡན་པའི་མི་འབོར་སྔར་བས་མང་བ་སྟེ་མི་492མང་དུ་ཕྱིན་པ་དང་། གྲུབ་ཆའི་ཕན་ནུས་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་སྟེ་བོད་སྐྱོར་དང་མཚོ་སྐྱོར་གྱི་ཆེད་ལས་ལག་རྩལ་ཤེས་ལྡན་པའི་བསྡུར་ཚད་སོ་སོར་12.5%དང་5.7%འཕར་བ། ཕྱོགས་བསྡུས་བྱང་ཚད་སྔར་བས་ལེགས་སུ་ཕྱིན་པ་སྟེ། སློབ་ཆེན་དངོས་གཞིའི་ཚན་ཁག་ཡན་གྱི་སློབ་རྒྱུས་ལྡན་པ་97%ཟིན་ནས་མང་ཆེ་བ་ལོ་ན་གཞོན་ལ་འཇོན་ཐང་ལྡན་པས་བོད་ལྗོངས་དང་མཚོ་སྔོན་བོད་རིགས་ས་ཁུལ་གྱི་ལས་ཀ་ལེགས་སྒྲུབ་བྱེད་ཐུབ། དེ་དག་ལས་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ་2006དང་མཚོ་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ་301ཡོད་པ་དང་། ཀྲུང་དབྱང་ཚན་པ་ནས་ཁྱོན་མི་441དང་པེ་ཅིང་སོགས་ཞིང་ཆེན་དང་གྲོང་ཁྱེར་17ནས་ཁྱོན་མི་1866བཏང་ཡོད་པ་རེད། སྨན་བཅོས་དང་སློབ་གསོ་སོགས་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་པ་དགོས་མཁོ་ཆེ་བའི་དོན་དངོས་གནས་ཚུལ་གཞིར་བཟུང་། “ཚོགས་སྒྲིག་རྣམ་པའི”སྨན་བཅོས་ཤེས་ལྡན་པ་181གནད་སྨིན་འདེམས་གཏོང་དང་། “ཚོགས་སྒྲིག་རྣམ་པའི”སློབ་གསོའི་ཤེས་ལྡན་པ་400འདེམས་གཏོང་བྱས་ཡོད་པ་རེད།

    བོད་སྐྱོར་མཚོ་སྐྱོར་གྱི་ལས་བྱེད་པ་དང་ཤེས་ལྡན་པ་སོ་སོའི་ལས་གནས་དང་མགྱོགས་མྱུར་གོམས་ནས་ཁ་གཏད་རོགས་སྐྱོར་གྱི་ལས་འགན་བདེ་བླག་ངང་ལེགས་སྒྲུབ་ཐུབ་ཆེད། ཟླ་7ཚེས་22ནས་26ཉིན་བར། ཀྲུང་དབྱང་རྩ་འཛུགས་པུའུ་དང་མི་སྤྱི་པུས་པེ་ཅིང་དུ་གསོ་སྦྱོང་འཛིན་གྲྭ་གཉེར་ནས། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་ལས་ཁུངས་77དང་། གཞུང་ཁོངས་རྐང་འཛིན་ཁེ་ལས་28 མཐོ་སློབ་30 སྨན་ཁང་4བཅས་ཀྱིས་མངགས་པའི་བོད་སྐྱོར་མཚོ་སྐྱོར་གྱི་ལས་བྱེད་པ་དང་ཤེས་ལྡན་པར་གསོ་སྦྱོང་བྱས་ཤིང་། ཀྲུང་དབྱང་རྩ་འཛུགས་པུའུ་དང་མི་སྤྱི་པུའི་འགན་འཁུར་བློ་མཐུན་གྱིས་གསོ་སྦྱོང་འཛིན་གྲྭའི་ཐོག་ཁག་གསར་པའི་བོད་སྐྱོར་མཚོ་སྐྱོར་གྱི་ལས་དོན་ཡག་པོ་སྤེལ་བར་བཀོད་སྒྲིག་བྱས་ནས་བླང་བྱ་བཏོན་པ་རེད། ཞིང་ཆེན་དང་གྲོང་ཁྱེར་17སོ་སོས་ཀྱང་བོད་སྐྱོར་མཚོ་སྐྱོར་གྱི་ལས་བྱེད་པ་དང་ཤེས་ལྡན་པར་གསོ་སྦྱོང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།