ཟླ་7ཚེས་11ནས་13ཉིན་བར“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་10པས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་བསམ་ཡས་དགོན་སྡེ་དོ་དམ་ཨུ་ལྷན་དང་། མཚོ་སྣ་རྫོང་ལམ་ཕུག་ཤང་ཤྭ་བ་གྲོང་ཚོའི་མཐའ་མཚམས་གནས་སྤོའི་ས་ཚིགས། མག་མག་མོན་པ་མི་རིགས་ཤང་གི་ཁྱད་ལྡན་གྲོང་རྡལ་ཆུང་གྲས། རྒྱ་གར་ལ་མཐའ་མཚམས་རང་སྲུང་རྒོལ་ལན་སློག་པའི་དམག་འཐབ་ཀྱི་བཀོད་འདོམས་སུའོ་ཡི་གནས་ཡུལ་རྙིང་པ་དང་འགྲེམས་སྟོན་ཁང་། སྣེ་གདོང་ཆུས་ཁེ་གསུམ་གྲོང་ལྷན་སོགས་སུ་བསྐྱོད་དེ་གཞི་རིམ་གྱི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་གནས་ཚུལ་ལ་ས་ཆ་དངོས་སུ་བརྟག་ཞིབ་གནང་བ་རེད།
ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་10པའི་ཙུའུ་ཀྲང་གཞོན་པ་ཀྲང་པའེ་རུའུ་ཡིས་རུ་སྣེ་ཁྲིད་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཁྲེན་ཡུང་ཆི་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལྷོ་ཁ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཞུས་ཁྲེང་ཚང་གིས་ལྷན་དུ་ཕེབས་རོགས་གནང་ནས་བརྟག་ཞིབ་གནང་བ་རེད།
གྲ་ནང་རྫོང་བསམ་ཡས་དགོན་སྡེ་དོ་དམ་ཨུ་ལྷན་དུ་མཛུབ་ཁྲིད་ཚོགས་ཆུང་གིས་དགོན་སྡེ་དོ་དམ་གྱི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་གནས་ཚུལ་ལ་མཁྱེན་རྟོག་ཞིབ་ཕྲ་གནང་ནས། དགོན་སྡོད་ལས་བྱེད་པ་ཚོས་རྒྱུན་ཆད་མེད་པར་སློབ་སྦྱོང་ལ་ཤུགས་སྣོན་དང་། འགན་སྒྲུབ་ནུས་པ་ཆེར་གཏོང་། དྲང་ཕྱོགས་ཁྲིད་སྟོན་མཐའ་འཁྱོངས། ལས་ཀའི་བྱེད་ཐབས་གསར་གཏོད་བཅས་བྱས་ཏེ་མང་ཚོགས་དང་གྲྭ་བཙུན་ལ་སློབ་གསོ་ཁྲིད་སྟོན་དང་ཞབས་ཞུ་དོ་དམ་གྱི་ལས་དོན་སྔར་བས་གཏིང་ཟབ་དང་། ཞིབ་ཕྲ། ཏན་ཏིག་བཅས་སྒྲུབ་དགོས་ཞེས་གསུངས་པ་རེད།
མཚོ་སྣ་རྫོང་ལམ་ཕུག་ཤང་ཤྭ་བ་གྲོང་ཚོའི་མཐའ་མཚམས་གནས་སྤོ་ས་ཚིགས་དང་མག་མག་མོན་པ་མི་རིགས་ཤང་གི་ཁྱད་ལྡན་གྲོང་རྡལ་ཆུང་ངུར་མཛུབ་ཁྲིད་ཚོགས་ཆུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་འཚམས་འདྲི་བརྒྱུད་ཞུ་གནང་བ་དང་། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུལ་དང་དེ་བཞིན་གནས་སྤོ་བཀོད་སྒྲིག་གི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། གནས་སྤོའི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་གྱི་འགྲེམས་པང་ལ་ནན་ཏན་ངང་གཟིགས་པ་རེད། མཛུབ་ཁྲིད་ཚོགས་ཆུང་གིས་མཐའ་མཚམས་ས་ཁུལ་ནི་རྒྱལ་ཁབ་ཀྱི་སྟོབས་ཤུགས་དང་གཟུགས་བརྙན་མངོན་ས་ཞིག་དང་། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ས་ཆ་ཆ་ཚང་འགན་ལེན་བྱེད་པའི་སྲུང་ཡོལ་གལ་ཆེན་ཞིག་ཡིན་པས་མཐའ་མཚམས་ཀྱི་འཐབ་ས་མདུན་མར་སྒྲིག་ཆས་ཆ་ཚང་བ་དང་། བདེ་སྡོད་ལས་བརྩོན། སྣོད་བཅུད་བཟང་བ། ཁོར་ཡུག་མཛེས་པོ་བཅས་ཀྱི་སྡོད་མལ་ལ་འཚམ་པ་དང་། ལས་དར་ལ་འཚམ་པ། ཡུལ་སྐོར་ལ་འཚམ་པ་བཅས་ཀྱི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་ཞིག་བསྐྲུན་དགོས། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བར་བྱེད་དགོས་པའི”ཅེས་པའི་འཐབ་ཇུས་གལ་ཆེན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པའི་ལག་ལེན་དངོས་ཤིག་ཀྱང་རེད། མཐའ་མཚམས་གནས་སྤོའི་རྣམ་གྲངས་ཀྱིས་ཡུལ་བབ་དང་བསྟུན་ནས་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་གནས་སྤོའི་སྡོད་ཁང་གོ་ཆོད་པ་དང་ཡུན་རིང་སྡོད་ཐུབ་པ་བྱེད་དགོས། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་དང་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཟུང་འབྲེལ་ནུས་ལྡན་བྱས་ཏེ་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས་ཐོག་ནས“བླ་ན་མེད་པའི་རྒྱལ་ཁབ་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་ཏེ། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་བསྐྲུན་པར་སྐུལ་འདེད་ཏན་ཏིག་གཏོང་དགོས་པའི་ནན་བཤད་གནང་བ་རེད།
སྣེ་གདོང་ཆུས་ཁེ་གསུམ་གྲོང་ལྷན་གྱི“བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོའི་འགྲེམས་སྟོན་ཁང”དུ་མཛུབ་ཁྲིད་ཚོགས་ཆུང་གིས་རང་རེའི་ཏང་གི་ཐོག་མའི་བསམ་འདུན་ནི་མི་དམངས་ལ་བདེ་སྐྱིད་དོན་གཉེར་བྱེད་རྒྱུ་དེ་རེད། ལོ་60ཡི་གོང་རང་རེའི་ཏང་གིས་འདི་གར་དམངས་གཙོའི་བཅོས་སྒྱུར་བྱས་ནས་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་བཏང་བ་དང་། ལོ་60ཡི་རྗེས་སུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མུ་མཐུད་མི་རིགས་ཁག་གི་མི་དམངས་ལ་འགོ་ཁྲིད་གནང་ནས་གསར་གཏོད་མདུན་སྐྱོད་བྱེད་བཞིན་ཡོད། ང་ཚོས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་མི་དམངས་ལྟེ་བར་འཛིན་རྒྱུ་སྔ་བར་ཕྱི་གསུམ་དུ་མཐའ་འཁྱོངས་དང་། སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་དང་ལས་འགན་སྔར་བས་ཡག་པོ་ཁུར་ཏེ་བོད་འཕེལ་རྒྱས་མྱུར་པོ་དང་། ཡུན་རིང་བདེ་འཁོད། མི་རིགས་མཐུན་སྒྲིལ། མཐའ་མཚམས་སྲ་བརྟན་བཅས་ཀྱི་རྣམ་པ་གསར་པ་ཞིག་ཧུར་ཐག་གཏོད་དགོས་ཞེས་གསུངས་པ་རེད།
བརྟག་ཞིབ་གནང་རིང་། མཛུབ་ཁྲིད་ཚོགས་ཆུང་དང་བཅས་པས་ད་དུང་རྒྱ་གར་ལ་མཐའ་མཚམས་རང་སྲུང་རྒོལ་ལན་སྤྲོད་པའི་དམག་འཐབ་བཀོད་འདོམས་སུའོ་ཡི་གནས་ཡུལ་རྙིང་པ་དང་འགྲེམས་སྟོན་ཁང་ལ་ལྟ་སྐོར་གནང་ནས་གསར་བརྗེའི་ལོ་རྒྱུས་སློབ་གསོ་ཉམས་ལེན་གནང་བ་དང་གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུས་པ་རེད། མཛུབ་ཁྲིད་ཚོགས་ཆུང་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་རྒྱུའི”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། གསར་བརྗེའི་ས་བོན་རྒྱུན་འཛིན་བྱེད་པ། གསར་བརྗེའི་སྙིང་སྟོབས་དར་སྤེལ་གཏོང་བ། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ཐོག་མའི་བསམ་འདུན་བློ་ལ་བརྟན་པོར་འཆང་བ་དང་འགན་འཁྲི་འཁུར་བར་ལྕག་སྐུལ་བཅས་བྱས་ཏེ་བོད་ཀྱི་བྱ་གཞག་ཁག་བརྟན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།