བཅའ་ཁྲིམས་ཁྱབ་གདལ་གྱི་ལས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་དེང་རབས་ཁྲིམས་སྐྱོང་གི་འདུ་ཤེས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་། བཅའ་ཁྲིམས་ཀྱི་ཤེས་བྱ་ཁྱབ་སྤེལ་བྱེད་པ། ལས་བྱེད་པ་དང་མང་ཚོགས་ཀྱི་ཁྲིམས་སྐྱོང་གི་འདུ་ཤེས་དང་བཅའ་ཁྲིམས་ཀྱི་བྱང་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་ཁྲིམས་སྐྱོང་གི་ཁོར་ཡུག་བཟང་པོ་ཞིག་གཏོད་ཆེད། ཉིན་ཤས་བསྟུད་མར། ལྷ་ས་གྲོང་ཁྱེར་གྱི་རྫོང(ཆུས)ཁག་གིས་ཁྲིམས་སྐྱོང་སྒྲོག་འགྲེལ་བྱེད་སྒོ་སྣ་ཚོགས་ཧུར་ཐག་སྤེལ་བ་རེད།
འདམ་གཞུང་རྫོང་སྙིང་གྲོང་ཤང་དུ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཤང་ཡོངས་ཀྱི་བུད་མེད་ལས་བྱེད་པ་དང་གྲོང་ཚོ་ཁག་གི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལག་བསྟར་ཨུ་ཡོན་34སྒྲིག་འཛུགས་བྱས་ཏེ“བུད་མེད་མཚན་སློབ”ཀྱི་བཅའ་ཁྲིམས་ཤེས་བྱ་གསོ་སྦྱོང་བྱས་པ་མ་ཟད། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་མོ་ནད་བུ་བཙའི་ཚན་ཁག་གི་ཀྲུའུ་རེན་དང་འབུམ་རམས་སྨན་པས་གསལ་འགྲེལ་བྱས་པའི《ནད་རིགས་ཚན་རིག་ཁྱབ་གདལ་དང་རྒྱུན་གཏན་གྱི་བདེ་སྲུང》ཞེས་པའི་ཨ་ཅག་བཤད་སྟེགས་ཀྱི་ཐད་གཏོང་ཡང་བལྟས་པ་རེད།
ཆུ་ཤུར་རྫོང་གི་ཁྲིམས་དཔོན་གྱིས་ས་གནས་ས་ཐོག་ཏུ་གྱོད་དཔེ་དྲངས་ནས་ཁྲིམས་ཤོད་པའི་ལས་ཀའི་ལམ་སྲོལ་སྤྱད་དེ་ལྷ་ཆེ་གེ་མོས་ཉེན་ཆེའི་འཁོར་གཏོང་གི་གྱོད་གཞིར་ཡོངས་བསྒྲགས་ཞིབ་གཅོད་བྱས་པ་དང་འབྲེལ། མང་ཚོགས་ཁྲིམས་རར་ཟུར་ཉན་བྱེད་པར་གདན་དྲངས་ནས་ཚང་མས་ཚེ་སྲོག་ལ་གཅེས་སྤྲས་ཀྱིས་ཆང་བཏུངས་འཁོར་གཏོང་གཏན་འགོག་བྱེད་པའི་དྲན་སྐུལ་ཡང་བྱས་པ་རེད།