དབུ་ཤོག>གསར་འགྱུར།
  • ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་སྲ་བརྟན་དང་གོང་མཐོར་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2019-06-06

    གཙང་པོ་དང་། ཆུ་བོ། མཚེའུ་བཅས་གཙོ་བོའི་ཆུ་སྤུས་སྤྱི་ཡོངས་དྭངས་གཙང་རྒྱུན་འཁྱོངས་ཐུབ་ནས་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་སྤུས་ཚད་ཀྱི་ཚད་གཞིར་སླེབས་པ་དང་། རིགས་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་བསྡོམས་འབོར་སྤྱི་ལེ་ངོས་གྲུ་ཁྲི་41.22ཟིན་ནས་རྒྱལ་ཁབ་ཀྱི་ས་ཆའི་རྒྱ་ཁྱོན་གྱི་34.35%བཟུང་བ། གྲོང་ཁྱེར་དང་གྲོང་རྡལ་གཙོ་བོའི་རླུང་ཁམས་ཆེ་མོའི་ཁོར་ཡུག་སྤུས་ཚད་སྤྱི་ཡོངས་བཟང་པོ་རྒྱུན་འཁྱོངས་ཐུབ་ནས་ལྗོངས་ཡོངས་ཀྱི་ཁོར་ཡུག་དང་མཁའ་རླུང་ལེགས་པའི་གནམ་གཤིས་བསྟན་པའི་བསྡུར་ཚད་98.2%ཟིན་པ་སོགས་རེད།

    “6·5”འཛམ་གླིང་ཁོར་ཡུག་ཉིན་མོར་རང་ལྗོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད་པས་མི་རྣམས་སྤོབས་པ་སྐྱེ་འོས་ལ་མི་སེམས་ལ་སྐུལ་མ་ཐེབས་པ་ཞིག་ཀྱང་བྱུང་ཡོད། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་དགོས་པའི”མངགས་བཅོལ་ཟབ་མོ་ལག་ལེན་བསྟར་བའི་གསོན་ཉམས་དོད་པའི་དཔེ་མཚོན་ཞིག་དང་། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་དུས་རབས་གསར་པའི་བོད་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ནང་ཞུགས་ནས་ཐོབ་པའི་གཡུར་དུ་ཟ་བའི་འབྲས་བུ། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་གངས་ལྗོངས་ས་མཐོར“མྱུ་གུ་འབུས་པ་དང་། མེ་ཏོག་བཞད་པ། འབྲས་བུ་སྨིན་པ”བཅས་ཀྱི་དཔང་པོ་ནུས་ལྡན་བཅས་རེད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་ཐད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས་བོད་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གྱིས་གཞི་རྩའི་བསྲུང་བྱ་མཁོ་འདོན་བྱས་ཡོད། 

    ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པའི་མཛུབ་ཁྲིད་འོག རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་འགོ་འཁྲིད་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་འདི་ཉིད་ལྗོངས་ཡོངས་ཀྱི“དོན་ཆེན་གསུམ”ནང་བཅུག་ནས་སྔར་ན་མེད་པའི་ཚད་མཐོའི་མཐོང་ཆེན་བྱས་ཏེ་མ་དངུལ་གཏོང་ཤུགས་དང་། ལས་དོན་སྒྲུབ་ཤུགས། དམངས་ལ་ཕན་པ་ཐོབ་ཚད་བཅས་ཆེ་རུ་བཏང་བས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་སྟེ་བོད་འདི་ཉིད་སྔར་བཞིན་འཛམ་གླིང་ཐོག་གི་ཁོར་ཡུག་སྤུས་ཚད་ལེགས་ཤོས་ས་ཁུལ་གྱི་གྲས་ཤིག་རེད།

    ལྗང་མདོག་འཕེལ་རྒྱས་ནི་འདུ་ཤེས་ཤིག་ཡིན་ལ་བྱ་ཐབས་ཤིག་ཀྱང་ཡིན། འགག་རྩ་ནི་དངོས་འཛིན་དངོས་སྒྲུབ་དང་དམིགས་སར་དོན་འཁྱོལ་ལ་ཐུག་ཡོད། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་སྲ་བརྟན་དང་གོང་མཐོར་གཏོང་བར་སྣོད་བཅུད་སྲུང་སྐྱོང་དང་དམངས་ཕྱུག་དམངས་ཕན་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་དམངས་འཚོའི་ངོ་བོར་དམ་འཛིན་ནན་པོ་བྱས་ཐོག ལྗང་མདོག་འཕེལ་རྒྱས་དོན་གཉེར་མང་ཙམ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལས་དོན་སྒྲུབ་མཁས་པོ་བྱས་ཏེ་རྒྱུན་སྲིང་འཕེལ་རྒྱས་ཡོང་བར་གནམ་ས་གསར་པ་ཞིག་བཏོད་དེ་སྔོ་ཞིང་དྭངས་བའི་རི་ཆུ་ཀླུང་གསུམ་མང་ཚོགས་ཕྱུག་འགྱུར་གྱི་བརྟེན་སར་འགྱུར་བ་བྱེད་དགོས། ཕྱོགས་གཅིག་ནས་ལྗང་མདོག་ཐཱན་ཉུང་རེས་འཁོར་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་དེ་ཐོན་ཁུངས་གྲོན་ཆུང་དང་། ཁོར་ཡུག་མཛའ་མཐུན་ཡོང་བ་བྱ་རྒྱུ་དེ་གཙོ་རྒྱུན་གྱི་ཐོན་སྐྱེད་དང་འཚོ་བའི་བྱ་ཐབས་ཤིག་ཏུ་འགྱུར་བ་བྱེད་པ་དང་། གནམ་སྔོན་པོ་དང་། ཆུ་དྭངས་བ། ས་གཙང་བ། དེ་བཞིན་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་དང“དུད་ཚང་ཚང་མར་ལྗོན་ཤིང་ཡོད་པར་བྱེད་པ”སོགས་ཀྱི་བྱ་སྤྱོད་ལག་ལེན་བསྟར་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། སྲུང་སྐྱོང་དང་འཕེལ་རྒྱས་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། སྔོན་སླ་རྗེས་དཀའ་ཡི་རྩ་དོན་གཞིར་བཟུང་། མི་སེར་གྱི་ཉེ་འགྲམ་དུ་ཐོན་པའི་སྣོད་བཅུད་ཁོར་ཡུག་གི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ། མི་རིགས་ཁག་གི་མང་ཚོགས་རྣམས་སྣོད་བཅུད་ཁོར་ཡུག་བཟང་པོའི་ཁྲོད་ཐོན་སྐྱེད་བྱེད་པ་དང་འཚོ་བ་སྐྱེལ་ཐུབ་པ་བཅས་བྱས་ནས་བདེ་སྐྱིད་སྟོན་གྲངས་ཟམ་མི་ཆད་པར་གོང་མཐོར་གཏོང་དགོས། གཅིག་ཤོས་ནས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་སོགས་ཀྱི་ལས་དོན་དང་ཟུང་འབྲེལ་བྱས་ནས་སྣོད་བཅུད་ལ་བརྟེན་ནས་དམངས་ཕྱུག་དམངས་ཕན་ཡོང་བར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། མང་ཚོགས་རྒྱ་ཁྱབ་སྒྲིག་འཛུགས་བྱས་ནས་ཆུ་བོ་རྒྱུགས་ཁུལ་བཅོས་སྒྲིག་དང་། བྱེ་འགོག་བྱེ་བཅོས། ཤིང་འཛུགས་ནགས་བཟོ། སྤྱི་ཕན་ནགས་ཚལ་འགོག་སྲུང་བཅས་ནང་ཞུགས་ནས་མང་ཚོགས་སྔར་བས་མང་བས་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་གསོག་ཐུབ་པ་དང་ཕྱུག་འགྱུར་གྱི་ལམ་བུའི་ཐོག་བསྐྱོད་ཐུབ་པ་བྱས་ཏེ“མི་སེར་ཕྱུག་པོ་ཆགས་པ་དང་སྣོད་བཅུད་བཟང་བའི”བདེ་སྐྱིད་ཀྱི་འདུན་པ་བཟང་པོ་དེ་འཚོ་བ་དངོས་ནང་དངོས་འབྲེལ་མངོན་འགྱུར་ཐུབ་པ་བྱེད་དགོས།

    སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་མི་ཚང་མར་འགན་འཁྲི་ཡོད་པ་དང་མི་ཚང་མར་ཕན་པ་ཐོབ་པ་ཞིག་ཡིན་པས་མི་ཚང་མ་ནི་ལག་ལེན་བ་དང་སྐུལ་གཏོང་བ་ཞིག་རེད། འདི་ལོའི་འཛམ་གླིང་གི་ཁོར་ཡུག་ཉིན་མོར་རང་རྒྱལ་འདི་ཉིད་གཙོ་གཉེར་རྒྱལ་ཁབ་ཅིག་ཡིན་པའི་ངོས་ནས“དགུང་སྔོན་སྲུང་སྐྱོང་དམག་འཐབ་ནང་ང་ནི་བྱ་སྤྱོད་སྤེལ་མཁན་ཞིག་ཡིན་པའི”བརྗོད་དོན་གཙོ་བོའི་འབོད་ཚིག་བཏོན་པ་དེ་ཐོག་ནས་སྤྱི་ཚོགས་ཡོངས་ཀྱི་སྣེ་ཁྲིད་དེ་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བའི་བསམ་བློ་དྲག་པོ་མངོན་པ་མ་ཟད། མི་ཚང་མ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ནང་ཞུགས་རྒྱུར་སྐུལ་འདེད་གཏོང་བའི་སྟོན་ཕྱོགས་གསལ་པོའང་མངོན་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཚོགས་ལས་རིགས་ཁག་དང་རྒྱ་ཆེའི་མང་ཚོགས་གོ་རིམ་ལྡན་པའི་ངང་ཞུགས་པའི་སྟོབས་ཤུགས་ཆེ་རུ་འགྲོ་རྒྱུར་དོ་སྣང་བྱས་ནས་སྤྱི་ཚོགས་ཡོངས་སུ་གྲོན་ཆུང་བསྲི་ཚགས་དང་། ལྗང་མདོག་ཐཱན་ཉུང་། ཤེས་དཔལ་སྐྱོན་བྲལ་བཅས་ཀྱི་འཚོ་བ་སྐྱེལ་སྟངས་དང་འཛད་སྤྱོད་བྱ་ཐབས་ཤིག་དར་སྤེལ་གཏོང་བ་དང་ལག་ལེན་བསྟར་ནས་ལྗང་མདོག་གི་གྱོན་ཆས་ཁྱབ་གདལ་གཏོང་བ་དང་། ལྗང་མདོག་གི་བཟའ་བཅའ་དར་སྤེལ་གཏོང་བ། ལྗང་མདོག་སྡོད་མལ་གྱི་ལྕག་སྐུལ་གཏོང་བ། ལྗང་མདོག་འགྲོ་འོང་ཁྱབ་གདལ་གཏོང་བ། ལྗང་མདོག་ཡུལ་སྐོར་འཕེལ་རྒྱས་གཏོང་བ་བཅས་ལ་བརྟེན་ནས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་མི་ཚང་མའི་སེམས་སུ་ཟུག་པ་དང་སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་ཞིག་ཏུ་འགྱུར་བ་བྱེད་དགོས། སྤྱི་ཚོགས་ལས་རིགས་ཁག་དང་རྒྱ་ཆེའི་མང་ཚོགས་རྣམས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ནང་ཧུར་ཐག་ཞུགས་རྒྱུར་སྐུལ་འདེད་བཏང་སྟེ་ཁོར་ཡུག་སྲུང་སྐྱོང་བྱེད་པའི་མི་ཚང་མའི་སྤྲོ་སེམས་གང་ལེགས་འཕེལ་བར་བྱས་ནས་གནམ་སྔོན་པོ་དང་། ས་གཞི་སྔོ་ལྗང་། ཆུ་མོ་དྭངས་བ་བཅས་ཀྱི་མཛེས་སྡུག་ལྡན་པའི་བོད་ལྗོངས་ཤིག་ཕྱར་བ་གྲུ་འདེགས་ངང་མཉམ་དུ་བསྐྲུན་ནས་མི་དང་། བྱ་བ། ཡུལ་དུས་བཅས་གང་གི་ཐད་ནས་ཀྱང་སྣོད་བཅུད་ཤེས་དཔལ་གོང་དུ་བཀུར་བའི་སྤྱི་ཚོགས་ཀྱི་དར་སྲོལ་གསར་པ་ཞིག་ཆགས་པ་བྱས་ཏེ་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་པར་མི་ཚང་མར་འགན་འཁྲི་ཡོད་པ་དང་། མི་ཚང་མས་རྒྱབ་སྐྱོར་བྱེད་པ། མི་ཚང་མ་ཞུགས་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།