དབུ་ཤོག>གསར་འགྱུར།
  • འབད་འཐབ་ལ་བརྟེན་ནས་ལང་ཚོའི་གཟི་བྱིན་འབར་བ་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཁྲུའུ་ཀེན།   |     སྤེལ་དུས།  2019-05-24

    འབད་འཐབ་ནི་འབད་འཐབ་པས་དུས་ནམ་ཡང་བསྲུང་བྱའི་གདམ་ངག་ཅིག་རེད། སྤྱི་ཚོགས་ཀྱི་ངོས་ནས་བརྗོད་ན། འབད་འཐབ་ནི་དུས་རབས་མདུན་སྐྱོད་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཤིག་དང་། མི་སྒེར་གྱི་ངོས་ནས་བརྗོད་ན། འབད་འཐབ་ནི་རང་ཉིད་འཚར་ལོངས་ཡོང་བའི་ཐེམ་སྐས་ལྟ་བུ་ཞིག་རེད། མིག་སྔར། གཞིས་རྩེ་གྲོང་ཁྱེར་གྱི་ལས་རིགས་ཁག་དང་ཁྱབ་ཁོངས་ཁག་ནས་ཕུལ་བྱུང་གི་གཞོན་ནུའི་འཐུས་མི་འབོར་ཆེན་ཞིག་ཐོན་ཞིང་། སྡེ་ཁུལ་ནས་ཞིང་འབྲོག་ཁུལ་དང་། སྲིད་གཞུང་ནས་ཁེ་ལས། སློབ་གྲྭ་ནས་ཚན་ཞིབ་ཁང་བཅས་བར་གཞོན་ནུའི་འཐུས་མི་ཚང་མས་རང་ཉིད་ཀྱི་འཚར་ལོངས་ཁྲོད་ཀྱི་འབད་འཐབ་ལོ་རྒྱུས་དང་ཟུང་འབྲེལ་གྱིས“ངའི་ཀྲུང་གོའི་ཕུགས་འདུན”ཤོད་བཞིན་ཡོད། ཁོང་ཚོ་ཚང་མས་བྱ་བ་ཆུང་ཙག་རེ་རེ་དང་། ལས་འགན་རེ་རེ། འགན་འཁྲི་རེ་རེ་བཅས་སྒྲུབ་པའི་ཁྲོད་འབད་པ་ལྷུར་ལེན་བྱས་ཏེ། དཀའ་སྤྱད་ཀྱི་གོམ་སྟབས་རེ་རེའི་ཁྲོད་ནས་རང་ངོས་ལ་རིན་ཐང་དང་གྲུབ་འབྲས་ཐོབ་པ་བྱས་ཡོད། ཁོང་ཚོའི་གཞོན་ནུའི་འབད་འཐབ་ཀྱི་གཏམ་རྒྱུད་རེ་རེ་ལས་བབ་ཆགས་ལ་ཚན་རིག་དང་མཐུན་པའི་གནས་ལུགས་ཤིག་ར་འཕྲོད་ཐུབ་པ་དང་། སེམས་རྣལ་དུ་ཕབ་ནས་སྙིང་རུས་ཆེན་པོས་བརྩོན་ལེན་བྱས་ཚེ་གཞི་ནས་ཕུགས་འདུན་དང་གོ་སྐབས་མཆིས་ངེས་ཡིན་ལ། དུས་རབས་ལ་ངོ་གནོང་མི་དགོས་པའི་ལང་ཚོའི་རྐང་རྗེས་ཤིག་འཇོག་ཐུབ་པ་དང་ལང་ཚོའི་ལེའུ་ཞིག་ཀྱང་རྩོམ་ཐུབ།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོར“གཞོན་ནུའི་དུས་སུ་དཀའ་བ་སྤྱོད་རྒྱུ་གདམ་ག་བྱས་པ་དེ་དོན་དམ་དུ་གྲུབ་འབྲས་བཟང་པོ་གདམ་ག་བྱས་པ་ཞིག་དང་། ལེགས་སྐྱེས་འབུལ་རྒྱུ་གདམ་ག་བྱས་པ་དེ་དོན་དམ་དུ་བླ་ན་མེད་པའི་སྤྱོད་བཟང་གདམ་ག་བྱས་པ་ཞིག་རེད། གཞོན་ནུའི་དུས་སུ་སྣ་ཁུང་མང་ཙམ་བརྡབ་པ་དང་། བར་ཆད་མང་ཙམ་འཕྲད་པ། ཚོད་བགམ་མང་ཙམ་ཐེག་པ་བཅས་བྱུང་ན་རང་གི་མི་ཚེ་གང་པོའི་འགྲོ་ལམ་ཡངས་པོ་ཡོང་ངེས”ཞེས་བཀའ་སློབ་གནང་མྱོང་ཡོད། གཞོན་ནུའི་དུས་ཀྱི་མ་རྩ་ཆེ་ཤོས་ནི་ཉམས་མྱོང་ཕུན་སུམ་ཚོགས་པོ་དང་གདེང་ཚོད་དང་ལྡན་པ་ཞིག་ཡོང་རྒྱུ་དེ་མིན་པར། ཕུགས་འདུན་འཆང་ཕོད་པ་དང་ཚོད་ལྟ་བྱེད་ཕོད་པ་དེ་རེད། ཕུགས་འདུན་གྲུབ་པའི་འགྲོ་ལམ་ཉེན་ཁ་དང་དཀའ་ཚེགས་ག་ཚོད་ཆེ་རུང་། ལྕགས་ཧྲེང་བརྡར་ནས་ཁབ་ལ་འགྱུར་བའི་དཔེ་བཞིན་སྐབས་འཕྲལ་གྱི་གེགས་བར་ལ་བློ་ཕམ་དང་ཡིད་ཐང་མ་ཆད་པར། མུ་མཐུད་དཀའ་སྤྱད་འབད་འཐབ་དང་སྙིང་སྟོབས་ཆེར་སྐྱེད་ཀྱིས་རང་ཉིད་ཀྱི་སེམས་ནང་གི་ཕུགས་འདུན་ཕྱོགས་སུ་མདུན་སྐྱོད་བྱས་ཚེ། བྱ་གཞག་ཅིག་སྒྲུབ་ཐུབ་ངེས་རེད་ལ་འཇོན་ཐང་ཅན་དུ་གྱུར་ནས་བཀྲག་མདངས་འཚེར་བའི་མི་ཚེའི་གཏམ་རྒྱུད་ཅིག་ཀྱང་རྩོམ་ཐུབ། འབད་འཐབ་བྱས་ཚེ་གཞི་ནས་ལང་ཚོ་མཛེས་སྡུག་ལྡན་ལ་འཚོ་བ་བདེ་སྐྱིད་ཕུན་སུམ་ཚོགས་པ་ཞིག་ཡོང་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།