དབུ་ཤོག>གསར་འགྱུར།
  • སྒྱུར་བཅོས་ཟབ་གཏོང་མཐའ་འཁྱོངས་བྱས་ཏེ་ཁོར་ཡུག་བཟང་པོ་གཏོད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2019-05-21

    ཁོར་ཡུག་བཟང་པོ་ནི་གསར་གཏོད་ལས་གཏོད་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་རྨང་གཞི་ཞིག་རེད་ལ། གསར་གཏོད་ལས་གཏོད་ཁོར་ཡུག་བཟང་པོ་གཏོད་རྒྱུ་དང་ཁ་འབྲལ་ཐབས་མེད། གསར་གཏོད་ལས་གཏོད་ཀྱི་གཞི་རྒྱུ་གཅིག་སྡུད་དང་། ཐོན་ཁུངས་བསྡུ་སྒྲིལ། ནུས་ཚད་འདོན་སྤེལ་བཅས་ཀྱི་འགག་རྩ་དེ་ཁོར་ཡུག་ཡག་སྡུག་ལ་རག་ལུས་ཡོད། དེ་ཡང་ཁོར་ཡུག་ཇི་ཙམ་གྱིས་ལེགས་པོ་དང་འཐུས་སྒོ་ཚང་པོ་ཡོད་ན་གནས་དེས་གསར་གཏོད་ནུས་པ་གཅིག་སྡུད་བྱེད་པའི་ནུས་པ་དེ་བས་ཆེ་བ་དང་ཐོན་པའི་གསར་གཏོད་ནུས་ཚད་ཀྱང་དེ་བས་ཆེ་བ་ཡོད། 

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གསར་གཏོད་ལས་གཏོད་ལ་རོགས་སྐྱོར་བྱེད་པའི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཏོན་ནས་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་རྒྱུན་ཆད་མེད་པར་བཏོད་པ་དང་། མཐོ་སློབ་སློབ་ཐོན་སློབ་མ་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ། གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་དམངས་གཉེར་ཁེ་ལས་འཕེལ་རྒྱས་ལ་སྐུལ་ལྕག་དང་རྒྱབ་སྐྱོར་བཅས་བྱས་ཏེ་གསར་གཏོད་རྣམ་པའི་བོད་ལྗོངས་སྐྲུན་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ཡོད། མིག་སྔར་རང་ལྗོངས་སུ་གསར་གཏོད་ལས་གཏོད་ཀྱི་འབྱུང་རྩ་དབྱར་གྱི་ཆུ་རྒྱུན་ལྟར་ཡོད་ལ། གསར་གཏོད་ལས་གཏོད་ཀྱི་གསོན་ཤུགས་ཀྱང་ཆར་རྗེས་ཀྱི་མྱུ་གུ་ལྟར་རྒྱས་བཞིན་ཡོད། འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་སྒྲིག་བྱ་རྒྱུ་དེ་ནི་མིག་སྔར་སྲིད་གཞུང་སྒྱུར་བཅོས་ཀྱིས་ཤུགས་རྒྱག་ས་ཞིག་རེད་ལ། 

    རང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་གནས་ས་ཡང་རེད། ང་ཚོས་ངེས་པར་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་གཞིར་བཟུང་། སྔར་བས་བསམ་བློར་བཅིངས་འགྲོལ་གཏོང་བ་དང་ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་དབྱེ་ཟབ་གཏོང་གིས་གསར་གཏོད་ལས་གཏོད་གསར་སྐྲུན་བཅས་ལ་དེ་བས་ལེགས་པའི་ཁོར་ཡུག་བཏོད་དེ་ཁྲོམ་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་ནུས་པ་འཕེལ་བ་བྱེད་དགོས། 

    གནད་དོན་གྱི་སྟོན་ཕྱོགས་མཐའ་འཁྱོངས་བྱས་ཏེ་ལས་ཕྱོད་མཐོ་བའི་སྲིད་དོན་ཁོར་ཡུག་གཏོད་དགོས། ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་ཡོངས་ཀྱི་གསར་གཏོད་ལས་གཏོད་གསར་སྐྲུན་བཅས་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས་ན། འགག་རྩ་ནི་སྒྱུར་བཅོས་སྒོ་དབྱེའི་ཁྲོད་ནས་སྒུལ་ཤུགས་ཐོབ་པར་བྱེད་དགོས། ད་ཕན་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་ཀྱི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱས་ནས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱེད་ཚད་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང་། ཁྲོམ་རའི་གསོན་ཤུགས་མུ་མཐུད་འདོན་སྤེལ། རིགས་ཁག་གི་ཁྲོམ་རའི་བྱེད་པོ་མཉམ་དུ་འཕེལ་རྒྱས། “གཉིས་གཏོད”དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་བཅས་ལས་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་ཉིད་ལས་ཞུགས་དང་དཔལ་འབྱོར་ལ་སྐུལ་འདེད་གཏོང་མཁན་གྱི་གསོན་ཤུགས་དམག་ལ་གྱུར་ཡོད། འོན་ཀྱང་སྲིད་དོན་ཁོར་ཡུག་དང་རང་ལྗོངས་ཀྱི་ཁྲོམ་རའི་བྱེད་པོ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་དགོས་མཁོ་དང་བསྡུར་ན་ད་དུང་ཧེ་བག་མི་ཉུང་བ་ཞིག་ཡོད་པས། ངེས་པར་དུ་གནད་དོན་གྱི་སྟོན་ཕྱོགས་མཐའ་འཁྱོངས་བྱས་ཏེ་རང་འགུལ་ངང་ཁྲོམ་རའི་བྱེད་པོ་དང་མང་ཚོགས་ཀྱི་འབོད་སྒྲ་ཉན་པ་དང་། གཙོ་གནད་ཁྱབ་ཁོངས་དང་གླེང་མང་བའི་གནད་དོན་ལ་དམིགས་པ། ཞབས་ཞུ་དེ་བས་སྟབས་བདེ་རུ་གཏོང་བ། ལྟ་སྐུལ་སློབ་སྟོན་དང་འགན་འཁྲི་བདའ་འདེད་ལ་ཤུགས་སྣོན་རྒྱག་པ། སྲིད་དོན་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ་དམངས་ཕན་བྱེད་ཐབས་ཁག་དམིགས་སར་འཁྱོལ་བའི་འགན་ལེན་བྱེད་དགོས། གཤམ་སྤྲོད་ཐུབ་པ་དང་། དོ་དམ་ཡག་པོ། ཞབས་ཞུ་ལེགས་པོ་བཅས་བྱས་ཏེ་ཚོང་གཉེར་ཁོར་ཡུག་བཟང་པོའི་ཁྲོད་བོད་ཀྱི“སྤུས་རྟགས་རྩེ་གྲ”གཏོད་དགོས། 

    སྒྱུར་བཅོས་སྒོ་དབྱེ་ཟབ་ཏུ་བཏང་ནས་གཞུང་དྲང་གི་ཁྲོམ་རའི་ཁོར་ཡུག་གཏོད་དགོས། དབང་ཆ་གཞུང་དྲང་དང་། གོ་སྐབས་གཞུང་དྲང་། སྒྲིག་སྲོལ་གཞུང་དྲང་བཅས་མཐའ་འཁྱོངས་བྱས་ཏེ་སྲིད་འཛིན་ཞིབ་མཆན་ལམ་ལུགས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་། སྲིད་གཞུང་གི་སྲིད་འཛིན་ཞིབ་མཆན་བྱ་བའི་རྩིས་ཐོ་དང་ཁྲོམ་ར་འཇུག་འཐུས་ཀྱི་བཀག་རྒྱའི་གསལ་ཐོ་དོན་འཁྱོལ་ནན་པོ་བྱེད་པ། སྲིད་ཇུས་ལྷུག་ཏུ་གཏོང་བ། ཁྲོམ་རའི་སྒོ་མོ་འབྱེད་པ། བྱེད་པོའི་གསོན་ཤུགས་འཕེལ་བ་བཅས་བྱས་ནས་སྤྱི་ཚོགས་ཀྱི་རྒྱུ་ནོར་གཏོད་མཁན་ཚང་མའི་ནུས་པ་འདོན་སྤེལ་བྱེད་དགོས། 

    དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་གཏོད་དགོས། གསར་གཏོད་ལས་གཏོད་གསར་སྐྲུན་བཅས་ལ་སྐུལ་འདེད་གཏོང་བར་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་དང་ཁ་འབྲལ་ཐབས་མེད། མཐོ་སློབ་སློབ་ཐོན་སློབ་མའི་སྲིད་གཞུང་གི་ལས་ཞུགས་དང་ཁྲོམ་རའི་ལས་ཞུགས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དང་། གླེང་ཕྱོགས་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། གསར་གཏོད་ལས་གཏོད་སྲིད་ཇུས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ། གཞན་གྱི་སྔོན་ལ་བྱེད་ཕོད་པ་དང་ལན་བརྒྱ་ཕམ་རུང་དཔའ་མི་ཞུམ་པའི་གསར་གཏོད་ལས་གཏོད་ཀྱི་སྙིང་སྟོབས་ལ་ཁྲིད་སྟོན། བླ་ན་མེད་པའི་གསར་གཏོད་ལས་གཏོད་དང་ཕྱུག་འགྱུར་རིན་ཐང་གི་སྟོན་ཕྱོགས་འཛུགས་པ། ལས་གཏོད་སྙིང་སྟོབས་དང་མངོན་འགྱུར་བའི་རིག་གནས་སྐྱེད་སྲིང་དང་གཏོད་པ། གཞོན་ནུ་ཤེས་ལྡན་པ་བོད་དུ་གཞི་ཚུགས་ནས་གསར་གཏོད་ལས་གཏོད་ཀྱི་སྤྲོ་སེམས་དང་གསོན་ཤུགས་འཕེལ་བ་བཅས་བྱས་ཏེ་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱ་རྒྱུ་དེ་སྤྱི་ཚོགས་ཡོངས་ཀྱི་དར་སྲོལ་ལ་འགྱུར་བར་བྱེད་དགོས། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།