ཉེ་ཆར་ཅང་སུའུ་ཞིང་ཆེན་གྱི་ཁ་གཏད་རོགས་སྐྱོར་བྱ་ཡུལ་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཀྱི་ཤང་དང་གྲོང་ཚོའི་དྲ་ཐོག་ཚོང་དོན་གྱི་ཟོག་འགྲེམས་ཞབས་ཞུ་ལྟེ་གནས་ཀྱི་རྣམ་གྲངས་ཁུལ་གཅིག་སྡུད་ཐོག་ལས་འགོ་བསྐྱར་ཚུགས་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོའི་ཅང་སུའུ་ཡི་བོད་སྐྱོར་རྣམ་གྲངས་ཁྱོན་66ཡོད་པར་ཁྱོན་མ་དངུལ་སྒོར་ཁྲི་86733བཏང་བ་དང་། བོད་སྐྱོར་མ་དངུལ་སྒོར་ཁྲི་36670བཀོད་སྒྲིག་བྱས་ཡོད་པ་རེད།
ཅང་སུའུ་ཡི་བོད་སྐྱོར་རྣམ་གྲངས་དང་མ་དངུལ་གནད་སྨིན་དབུལ་སྐྱོར་དང་། མི་རིགས་མཐུན་སྒྲིལ། དམངས་འཚོ་ལེགས་གཏོང་། རིག་གནས་སྤེལ་རེས། གཞི་རིམ་རྨང་གཞི་སོགས་ཀྱི་ཁྱབ་ཁོངས་གཙོ་བོར་དམིགས་ནས་བཀོད་སྒྲིག་བྱས་པའི་ནང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བའི་རིགས་ཀྱི་རྣམ་གྲངས་20ལ་བོད་སྐྱོར་མ་དངུལ་སྒོར་ཁྲི་16263བཏང་བ་དང་། སྤྱི་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པའི་རིགས་ཀྱི་རྣམ་གྲངས་20ལ་བོད་སྐྱོར་མ་དངུལ་སྒོར་ཁྲི་8790བཏང་བ། ཁྱད་ལྡན་ལེགས་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་རིགས་ཀྱི་རྣམ་གྲངས་12ལ་བོད་སྐྱོར་མ་དངུལ་སྒོར་ཁྲི་8046བཏང་བ། རིག་སྟོབས་རོགས་སྐྱོར་རིགས་ཀྱི་རྣམ་གྲངས་4ལ་བོད་སྐྱོར་མ་དངུལ་སྒོར་ཁྲི་1085བཏང་བ། སྤེལ་རེས་དང་འགྲོ་འོང་མཉམ་འདྲེས་བཅས་རིགས་ཀྱི་རྣམ་གྲངས་9ལ་བོད་སྐྱོར་མ་དངུལ་སྒོར་ཁྲི་1190བཏང་བ། གཞི་རིམ་རྩ་འཛུགས་དང་སྲིད་དབང་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱེད་པའི་རིགས་ཀྱི་རྣམ་གྲངས་1ལ་བོད་སྐྱོར་མ་དངུལ་སྒོར་ཁྲི་300བཏང་བ་བཅས་རེད།
རིག་གནས་ཡུལ་སྐོར་ནི་ལྷ་ས་གྲོང་ཁྱེར་གྱི་ཀ་རྟེན་ཐོན་ལས་ཡིན་པ་དང་། མ་དངུལ་སྒོར་ཁྲི་2300བཏང་བའི་སྟག་རྩེ་ཆུས་བྲག་ཡེར་པ་གྲོང་ཚོའི་རྣམ་པ་བཅོས་སྒྲིག་རྣམ་གྲངས(དུས་ཐེངས་བཞི་པ)ནི་ཅང་སུའུ་བོད་སྐྱོར་གྱིས་ཐོན་ལས་འཕེལ་རྒྱས་དང་དབུལ་སྒྲོལ་འགག་སྒྲོལ་ཟུང་འབྲེལ་གཏིང་ཟབ་བྱས་པའི་དཔེ་མཚོན་ཞིག་རེད། རྣམ་གྲངས་དེས་སྟག་རྩེའི་དམངས་སྲོལ་ཡུལ་སྐོར་རིག་གནས་ཀྱི་ཐོན་ཁུངས་གསར་སྤེལ་ནུས་ལྡན་བྱས་པ་དང་། མི་རིགས་ཀྱི་ལག་ཤེས་བཟོ་ལས་དང་། ས་གཙང་བདེ་ཐང་ཐོན་ལས། དེང་རབས་ཡུལ་སྐོར་ལས་རིགས་བཅས་གཅིག་སྡུད་ནུས་ལྡན་བྱས་ཏེ་བོད་མིའི་སྡོད་ཁང་དེ་བོད་ཡུལ་ཞག་སྡོད་དུ་སྒྱུར་བཀོད་བྱེད་པ་དང་། གྲོང་གསེབ་ཀྱི་གཞུང་ལམ་དང་ལེ་ལག་ཚང་བའི་སྒྲིག་བཀོད་ལེགས་སྒྲིག་བྱས་ཏེ་སྟག་རྩེའི་གྲོང་གསེབ་མཛེས་ཤོས་འཛུགས་སྐྲུན་བྱས་ནས་ལྷ་སའི་མཛེས་སྡུག་ལྡན་པའི་གྲོང་གསེབ་གྱི་དཔེ་སྟོན་ཁུལ་སྐྱེད་སྲིང་བྱ་རྒྱུ་རེད། རྣམ་གྲངས་སྐྲུན་རྗེས་སྔོན་རྩིས་ལྟར་ན་2019ལོར་བྲག་ཡེར་པ་གྲོང་ཚོར་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་20%ལྷག་ཙམ་ཟིན་ནས་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་ཁྲི་400ཡོང་རྒྱུར་སྐུལ་ཁྲིད་བྱ་རྒྱུ་རེད།