“ཉི་མ་དང་ཟླ་བ་ནི་ཨ་མ་གཅིག་གི་བུ་མོ་ཡིན། ཁོང་ཚོའི་ཨ་མའི་མིང་ལ་འོད་ཟེར་ཟེར། རྒྱ་རིགས་དང་བོད་རིགས་ནི་ཨ་མ་གཅིག་གི་བུ་མོ་ཡིན། ཁོང་ཚོའི་ཨ་མའི་མིང་ལ་ཀྲུང་གོ་ཟེར”ཞེས་གྲགས་ཅན་གྱི་བོད་རིགས་སྒྱུ་རྩལ་མཁས་ཅན་ཚེ་བརྟན་སྒྲོལ་མས་བཏང་བའི《ཨ་མ་གཅིག་གི་བུ་མོ》ཞེས་པའི་ནང་རྒྱ་བོད་མི་རིགས་ཀྱི་གཅེན་གཅུང་མིང་སྲིང་མང་པོའི་དབར་གྱི་བརྩེ་དུང་ཁྱིམ་ཚང་གཅིག་མཚོན་པར་བྱས་ཡོད་པ་དང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྐྱིད་རས་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཝ་པ་གླིང་སྡེ་ཁུལ་དུ་ཉིན་ལྟར་འཆམ་མཐུན་གྱི་རྣམ་པ་དེ་ལྟ་བུ་མཐོང་རྒྱུ་ཡོད།
“མི་རིགས་མི་འདྲ་བར་འཚོ་བའི་གོམས་གཤིས་འདྲ་གི་མེད་རུང་སྒོ་ར་ཆེ་མོའི་ནང་ཡུན་རིང་མཉམ་དུ་འཚོ་བ་སྐྱེལ་བ་དེས་ཚང་མ་གཅེན་གཅུང་མིང་སྲིང་དང་དགའ་ཉེ་སྤུན་མཆེད་ལྟ་བུར་གྱུར་ནས་ཉིན་ལྟར་ཕན་ཚུན་འགྲོ་རེས་དང་ལས་ཀ་ཡོད་ཚེ་ཕན་ཚུན་རོགས་རམ་བྱེད་ཀྱི་ཡོད་པས་ཁྱིམ་ཚང་གཅིག་ལྟར་ཡིན”ཞེས་ཝ་པ་གླིང་སྡེ་ཁུལ་གྲོང་ལྷན་གྱི་ཧྲུའུ་ཅི་ཨང་དང་པོ་བློ་དབང་གིས་སྡེ་ཁུལ་ནང་ཉིན་ལྟར་ཐོན་པའི་འཆམ་མཐུན་གྱི་རྣམ་པ་དེ་བརྗོད།
ཀ་ཅུ་ནས་ཡིན་པའི་ཧུད་རིགས་མཱ་ལགས་ཀྱིས་ཝ་པ་གླིང་སྡེ་ཁུལ་དུ་རྒྱ་རིགས་དང་། བོད་རིགས། ཧུད་རིགས། ཡུ་གུར་རིགས་བཅས་མི་རིགས་མི་འདྲ་བ་10ཙམ་ཡོད་པས་མི་རིགས་མི་འདྲ་བས་དུས་ཚོད་མི་འདྲ་བར་ཁུར་པན་དུས་ཆེན་དང་། ཞོ་སྟོན། ཟླ་མཆོད་དུས་ཆེན། དཔྱིད་གསར་དུས་ཆེན། བོད་ཀྱི་ལོ་གསར་སོགས་གཏོང་གི་ཡོད། དུས་ཆེན་གང་ཞིག་ཡིན་རུང་ཚང་མས་ཕན་ཚུན་རོགས་རམ་དང་། ཕན་ཚུན་སྨོན་འདུན། ཕན་ཚུན་བརྩི་འཇོག་སོགས་བྱེད་ཀྱི་ཡོད་ཅེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། མཱ་ལགས་ལོ་བཅུ་ཕྲག་ཁ་ཤས་གོང་ལྷ་སར་ཡོང་བ་དང་ཁོང་གིས་དཀའ་སྤྱད་སྙིང་རུས་ལ་བརྟེན་ནས་ད་ལྟ་ཚགས་ཤ་འཚོང་སའི་ཚོང་ཁང་ཞིག་བཙུགས་ཡོད་པས་ཚོང་ཡང་བྲིན་ཁ་རྒྱུག་པོ་ཡོད། ཝ་པ་གླིང་སྡེ་ཁུལ་དུ་བསྡད་རྗེས་བོད་རིགས་བུ་མོ་དབང་མོ་དང་དགའ་རོགས་སྒྲིག་ནས་མཐར་གཉེན་སྒྲིག་བྱས། ད་ཆ་ཁོང་ནི་ཕྲུ་གུ་གཉིས་ཀྱི་པཱ་ཕ་རེད། མཱ་ལགས་ཀྱི་ཕྲུ་གུ་གཉིས་པོས་མི་རིགས་གཉིས་ཀྱི་དུས་ཆེན་གཏོང་རྒྱུ་ཡོད་པས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།
“ཝ་པ་གླིང་སྡེ་ཁུལ་དུ་ཁྱིམ་ཚང་དེ་ལྟ་བུ་ད་དུང་མང་པོ་ཡོད། རྒྱ་རིགས་དང་བོད་རིགས་དང་། ཡང་ན་བོད་རིགས་དང་ཧུད་རིགས་སོགས་ལས་གྲུབ་པའི་ཁྱིམ་ཚང་གི་ནང་མིའི་དབར་ཕན་ཚུན་འཆམ་པོ་ཡོད”ཅེས་བློ་དབང་གིས་བཤད།
“བདེ་སྐྱིད་ཀྱི་རྣམ་པ་དེ་ལྟ་བུ་ནི་ཏང་གི་མི་རིགས་སྲིད་ཇུས་ཡག་པོ་ཡོད་པ་དང་མི་རིགས་ཁག་གི་མཐུན་སྒྲིལ་ཆེ་མོ་ལས་བྱུང་བ་རེད”ཅེས་ཝ་པ་གླིང་གི“བདེ་སྐྱིད་འཚོ་བའི”སྐོར་གླེང་སྐབས་བློ་དབང་གིས་དེ་ལྟར་བཤད། གསར་འགོད་པ་ཝ་པ་གླིང་སྡེ་ཁུལ་གྲོང་ལྷན་གྱི་ཞབས་ཞུའི་ཚོམས་ཆེན་དུ་སྐྱོད་སྐབས་གྲལ་འགྲིག་པའི་རྒྱལ་ཁབ་ཀྱི་མི་རིགས་ཆོས་ལུགས་སྲིད་ཇུས་དྲིལ་བསྒྲགས་ཀྱི་དཔྱད་གཞི་དང་དེ་བཞིན་སྡེ་ཁུལ་གྱི་དམངས་ཕན་དགོས་མཁོའི་ཞབས་ཞུའི་བྱེད་ཐབས་ཁག་མཐོང་བྱུང་། “ཁྱིམ་ཚང་གང་འདྲ་ཞིག་ལ་་ལས་ཀ་ཡོད་པའམ་ཡང་ན་ཕན་ཚུན་འགལ་ཟླ་ཅུང་ཟད་བྱུང་ཚེ་ང་ཚོ་གྲོང་ལྷན་གྱིས་འཕྲལ་དུ་འབྲེལ་མཐུད་དང་མཐུན་སྦྱོར་ཧུར་ཐག་བྱས་ནས་ཐག་གཅོད་བྱེད་ཀྱི་ཡོད”ཅེས་བློ་དབང་གིས་བཤད།
མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་སྲོག་རྩ་ཡིན། ཝ་པ་གླིང་སྡེ་ཁུལ་གྲོང་ལྷན་གྱིས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་རོགས་རམ་འོག ཉིན་ལྟར་མངས་ཚོགས་ཀྱི་དོན་དངོས་ཀྱི་འཚོ་བ་དངོས་ཀྱི་དཀའ་ངལ་སེལ་ནས་མི་རིགས་མཐུན་སྒྲིལ་གྱི་སྲོག་རྩ་མངོན་པར་་བྱེད་ཀྱི་ཡོད།