དབུ་ཤོག>གསར་འགྱུར།
  • དམངས་ཡོངས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་མཉམ་སྤྱོད་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-01-08

    2018ལོའི་དགུན་སྟོད་དུ་ལྷ་ས་གྲོང་ཁྱེར་འདམ་རྭ་ཤར་ལམ་གྱི་བོད་བཟོའི་སྒོ་ར་ཆུང་ཆུང་ཞིག་ནང་ལོ་80ལ་སླེབས་པའི་རྒན་ཡོལ་ཞུས་པའི་རྒན་མོ་སྒྲོལ་དཀར་གྱིས་རང་ཁྱིམ་གྱི་ཉི་གཡབ་ཐོག་ལངས་ནས་1978ལོའི་གོང་གི་འཚོ་བར་ཕྱིར་དྲན་བྱེད་བཞིན་མཆིས། རྒན་མོ་སྒྲོལ་དཀར་གྱིས“ལོ་འདི་དག་ནང་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཕྱིན་སོང་། སྒྱུར་བཅོས་སྒོ་དབྱེ་མ་བྱས་གོང་ཕྱིར་འགྲོ་སྐྱོད་བྱེད་སྐབས་རྐང་ཐང་ངམ་ཡང་ན་རྟ་བཞོན་ནས་འགྲོ་དགོས་ཀྱི་ཡོད། ད་ཆ་ལམ་ཆུང་དེ་དག་ཡངས་ཤིང་རྒྱ་ཆེ་བའི་སྣུམ་ནག་གཞུང་ལམ་དུ་གྱུར་བ་མ་ཟད། ཁྱིམ་ནང་རླངས་འཁོར་ཆུང་ཆུང་ཡང་ཡོད་པས། གང་དུ་འགྲོ་དགོས་ཀྱང་ཧ་ཅང་སྟབས་བདེ་པོ་ཡོད། དེ་སྔོན་ཁང་པ་གཅིག་ཐོག་ཐབས་ཆག་ནང་སྡོད་པ་དང་ད་ཆ་སྡོད་སའི་ཐོག་ཁང་དང་བསྡུར་ཐབས་མེད”ཅེས་དྲན་གསོ་བྱེད་བཞིན་བརྗོད། རྒན་མོ་སྒྲོལ་དཀར་གྱི་འཚོ་བའི་འགྱུར་ལྡོག་ལས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40སོང་རིང་གི་ལྷ་ས་གྲོང་ཁྱེར་ལ་ཉིན་རེ་ལས་མ་འདས་པར་འགྱུར་ལྡོག་ཕྱིན་པ་མཚོན་གྱི་ཡོད།

    སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་རིང་ལྷ་ས་གྲོང་ཁྱེར་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་སྤྱི་འདོམས་བྱེད་པ་དང་། དེ་བཞིན་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས། གྲོང་ཁྱེར་དང་གྲོང་རྡལ་གྱི་རྣམ་པར་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཆེན་པོ་ཕྱིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ཡོང་འབབ་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ། གྲོང་མིའི་ཡོང་འབབ་གྲུབ་ཆ་རིམ་བཞིན་ལེགས་སུ་ཕྱིན་ཡོད། གསར་འགོད་པས་རྒྱལ་ཁབ་བསྡོམས་རྩིས་ཅུས་ལྷ་ས་བརྟག་དཔྱད་རུ་ཁག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 1978ལོ་ནས་2017ལོ་བར་ལྷ་ས་གྲོང་ཁྱེར་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་580ནས་སྒོར་32408བར་མང་དུ་ཕྱིན་ནས། སྒོར་31828འཕར་བ་དེ་ལྡབ་55.9མང་དུ་ཕྱིན་པ་དང་། ལོ་རེའི་ཆ་སྙོམས་འཕར་ཚད་10.9%ཟིན་པ་དང་། ལྷ་ས་འདི་ཉིད་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་གྱུར་ཚད་1978ལོའི་35.7%ནས་2017ལོའི་53.6%བར་མཐོ་རུ་ཕྱིན་ནས་བརྒྱ་ཆའི་གྲངས་17.9མང་དུ་ཕྱིན་ཡོད་པ་རེད།

    1959ལོར་རྒན་མོ་སྒྲོལ་དཀར་རང་སྐྱོང་ལྗོངས་ཀྱི་འབྲུ་རིགས་མཛོད་ཁང་གི་ལས་བཟོ་བྱས། “ལས་ཀར་ཞུགས་མ་ཐག་པའི་སྐབས་ཟླ་བ་གཅིག་ལ་གླ་ཆ་སྒོར་18ལས་མེད་པ་དང་། འདི་ལོ་ཚ་མོ་ལས་ཀར་ཞུགས་མ་ཐག་ཡིན་མོད་ཟླ་བ་གཅིག་ལ་གླ་ཆ་སྒོར་6000ལྷག་ཙམ་འདུག”ཅེས་རྒན་མོ་སྒྲོལ་དཀར་གྱིས་གད་མོ་དགོད་བཞིན་བཤད། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40སོང་རིང་ཁོང་ལ་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་རབ་དང་རིམ་པ་ལོངས་སྤྱོད་ཐུབ་ནས་ཡོང་འབབ་མང་དུ་ཕྱིན་ཡོད་པ་དང་། ཟས་གོས་འགྲོ་སྡོད་སྤྱོད་སོགས་ཐད་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པས། བདེ་སྐྱིད་སྟོན་གྲངས་རིམ་བཞིན་ཆེ་རུ་ཕྱིན་ཡོད། རྒྱལ་ཁབ་ཀྱིས་རྒན་ཡོལ་ཞུས་པའི་མི་སྣའི་གླ་ཆ་ཐེངས་མང་མཐོ་རུ་བཏང་བ་དང་སྦྲགས་ད་ཆ་ཁོང་ལ་ཟླ་རེར་རྒན་ཡོལ་ཞུས་པའི་གླ་ཆ་སྒོར་6000ལྷག་ཙམ་ལེན་རྒྱུ་ཡོད།

    “སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40སོང་རིང་ནི་ལྷ་ས་གྲོང་ཁྱེར་གྱི་མི་རིགས་ཁག་གི་མི་དམངས་ཀྱིས་སྒྱུར་བཅོས་འཕེལ་རྒྱས་ཀྱི་འབྲས་བུ་མཉམ་སྤྱོད་བྱེད་པ་དང་འཚོ་བའི་ཆུ་ཚད་གོང་མཐོར་ཤུགས་ཆེན་ཕྱིན་པའི་ལོ་40རེད། ལོ་40ཡི་རིང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ཡོང་འབབ་ཐེངས་མང་འཕར་ཡོད”ཅེས་རྒྱལ་ཁབ་བསྡོམས་རྩིས་ཅུས་ལྷ་ས་བརྟག་དཔྱད་རུ་ཁག་གི་ལས་དོན་མི་སྣ་ཀྲང་ལེང་གིས་ངོ་སྤྲོད་བྱས།

    སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་བྱས་པ་དང་ཐོན་ལས་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སྒྲིག་བྱས་པ་དང་བསྟུན་ནས་གྲོང་རྡལ་གྱི་གྲོང་མིའི་ལས་ཞུགས་ལམ་བུ་རྒྱ་ཆེར་ཕྱིན་ཏེ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ལས་ཞུགས་དང་འབབ་འཕར་ཡོང་རྒྱུར་ཆ་རྐྱེན་བསྐྲུན་ཡོད། ལོ་40ཡི་ནང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་ནས་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་སྒྲིག་གཞི་ཁག་གི་གྲངས་འབོར་དང་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། ངལ་རྩོལ་མི་སྣ་ལས་ཀར་ཞུགས་པའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། གླ་ཆའི་རང་བཞིན་གྱི་ཡོང་འབབ་རྒྱུན་ཆད་མེད་པར་མང་དུ་ཕྱིན་པ་བཅས་བྱུང་ནས། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ཡོང་འབབ་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་རྒྱུར་འདེགས་སྐྱོར་བྱས་ཡོད་པ་རེད།

    གྲངས་གཞི་ལས་མངོན་གསལ། 1990ལོར་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་གླ་ཆའི་རང་བཞིན་གྱི་ཡོང་འབབ་སྒོར་1881ཟིན་པ་དེས་ཡོང་འབབ་བསྡོམས་འབོར་གྱི་བསྡུར་ཚད་བཟུང་ཚད་98.3%ཟིན་པ་དང་། 2017ལོར་སྒོར་21263བར་འཕར་ནས་ཡོང་འབབ་བསྡོམས་འབོར་ཁྲོད་ཀྱི་བསྡུར་ཚད་བཟུང་ཚད་65.6%བར་ཆག་ཡོད། དེ་དང་དུས་མཚུངས་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་གཉེར་སྐྱོང་གི་ཡོང་འབབ་ཁེ་གཙང་1990ལོའི་སྒོར་11ནས་2017ལོའི་སྒོར་704བར་མང་དུ་ཕྱིན་ཡོད་པ་དང་ལོ་27རིང་ལྡབ་64འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་རྒྱུ་ནོར་རང་བཞིན་གྱི་ཡོང་འབབ་1995ལོའི་སྒོར་26ནས་2017ལོའི་སྒོར་4409བར་འཕར་བ་དང་། ཁང་པ་བོགས་མར་གཏོང་རྒྱུ་དེ་རྒྱུ་ནོར་རང་བཞིན་གྱི་ཡོང་འབབ་ཀྱི་ཡོང་ཁུངས་གཙོ་བོར་གྱུར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་གཞན་སྒྱུར་རང་བཞིན་གྱི་ཡོང་འབབ་1990ལོའི་སྒོར་22ནས་2017ལོའི་སྒོར་6032བར་འཕར་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་གཞན་སྒྱུར་རང་བཞིན་གྱི་ཡོང་འབབ་ཀྱིས་ཡོང་འབབ་བསྡོམས་འབོར་གྱི་བསྡུར་ཚད་བཟུང་ཚད་ལོ་རེ་བཞིན་འཕར་ཡོད།

    “སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ལྷ་སའི་གྲོང་མིའི་ཡོང་འབབ་རྒྱུན་མཐུད་ངང་མང་དུ་ཕྱིན་པ་དང་། དངོས་པོའི་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་པ། འཚོ་གནས་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ། འཚོ་བའི་ཆུ་ཚད་ལྟོ་གོས་འཕྱིད་ཙམ་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་དེ་འབྱོར་ཕྱུག་གི་ལམ་དུ་བསྐྱོད་བཞིན་ཡོད། འཛད་སྤྱོད་ཀྱི་ཚད་གཞི་དེ‘ལྟོས་གྲོད་པ་རྒྱགས་ཙམ་དང་། གོས་ཀྱིས་ལུས་པོ་དྲོད་ཙམ། སྡོད་ཐུབ་ཙམ’བཅས་ཁོ་ནར་མཐོང་ཆེན་བྱེད་པ་ནས‘ལྟོ་ཞིམ་པོ་བཟའ་བ་དང་། གོས་མཛེས་པོ་གྱོན་པ། སྐྱིད་སྣང་དོད་པའི་ཁང་བཟང་ནང་སྡོད་པ། འགྲོ་སྐྱོད་བདེ་བ། རྩེད་འཇོར་ཅི་དགར་རོལ་བ’བཅས་ལ་མཐོང་ཆེན་བྱ་རྒྱུར་འགྱུར་ཡོད། འཛད་སྤྱོད་བྱེད་སྟངས་ཀྱང་བདེ་ཐང་ལ་མཐོང་ཆེན་དང་དང་དོད་བྱེད་ཤུགས་ཆེ་རུ་སོང་སྟེ། འཛད་སྤྱོད་ཀྱི་དགོས་མཁོ་ཕྱིའི་རྣམ་པ་ནས་ནང་གི་སྤྱི་ཡོངས་ལ་འགྱུར་ལྡོག་འགྲོ་དང་འགྲོ་མུས་རེད”ཅེས་རྒྱལ་ཁབ་བསྡོམས་རྩིས་ཅུས་ལྷ་ས་བརྟག་དཔྱད་རུ་ཁག་སྡོད་ཁང་དང་ཞིང་ལས་བརྟག་དཔྱད་ཁོའོ་ཡི་འགན་འཁུར་བ་ཟླ་བ་བུ་ཁྲིད་ཀྱིས་དེ་ལྟར་བརྗོད་ཅིང་། ཁོང་གིས་2017ལོར་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་འཚོ་བའི་མི་རེའི་ཆ་སྙོམས་འཛད་སྤྱོད་ཀྱི་གཏོང་ཆ་23756ཟིན་པ་དེ་ནི་2000ལོའི་མི་རེའི་ཆ་སྙོམས་འཛད་སྤྱོད་གཏོང་ཆའི་སྒོར་5554ཡི་ལྡབ་4.3ཡིན་པ་དང་། ལོ་རེར་ཆ་སྙོམས་8.9%འཕར་ཡོད།

    རྒན་མོ་སྒྲོལ་དཀར་གྱིས་འཚོ་བར་འགྱུར་ལྡོག་འདི་འདྲ་བྱུང་བ་ནི་དུས་རབས་གསར་པར་སླེབས་པས་ཡིན། རྒྱ་ཆེ་ལ་དཀར་ཆ་དོད་པའི་ཁང་པའི་ནང་འཁྱགས་སྒམ་དང་། བརྙན་འཕྲིན། གོས་འཁྲུའི་འཕྲུལ་ཆས་བཅས་དེང་རབས་ཀྱི་ཁྱིམ་ཆས་གང་དགོས་ཚང་མ་ཡོད། “སྒྱུར་བཅོས་སྒོ་དབྱེ་མ་བྱས་གོང་ཤིང་ཏོག་དང་སྔོ་ཚལ་སྤྱིར་ན་མཐོང་དཀོན་པོ་རེད། སྒོ་ང་གཅིག་ལས་མེད་ཀྱང་ནང་མིར་བགོ་དགོས་ཀྱི་ཡོད”ཅེས་བརྗོད་ཅིང་། ཁོང་གིས་ད་ཆ་གསོལ་ལྕོག་སྟེང་དུ་ཟས་རིགས་སྣེ་མང་ལོངས་སུ་སྤྱོད་རྒྱུ་ཡོད་པ་མ་ཟད། ཕར་འགྲོ་ཚུར་འོང་དང་དངོས་ཟོག་ཉོ་བར་ཧ་ཅང་སྟབས་བདེ་པོ་རེད། བཀྲ་ཤིས་པའི་ཉི་མོ་དེ་འདྲར་ང་ཚོས་གཅེས་སྤྲས་བྱེད་དགོས་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།