དབུ་ཤོག>གསར་འགྱུར།
  • ཀྲུང་གོ་ཆུ་བེད་ཁེ་ལས་མཐུན་ཚོགས་ཀྱིས་ལྷ་བུ་ཕུ་ཤང་གི་ཆུ་མཁོ་འདོན་སྒྱུར་བཀོད་ལས་གྲྭ་སྐྲུན་རོགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2019-01-04

    ཉེ་དུས་གསར་འགོད་པར་རང་སྐྱོང་ལྗོངས་ཆུ་བེད་ཐིང་ནས་ཤེས་རྟོགས་བྱུང་བར། ཀྲུང་གོ་ཆུ་བེད་ཁེ་ལས་མཐུན་ཚོགས་ཀྱིས་པེ་ཅིང་ཅིན་ཧོ་ཆུ་དོན་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སི་དང་ནང་སོག་ལེའོ་ཧོ་ལས་གྲྭ་ཅུས་མ་རྐང་ཚད་ཡོད་ཀུང་སི་དང་མཉམ་འབྲེལ་ཐོག་གནད་སྨིན་དབུལ་སྐྱོར་གྱི་བྱེད་སྒོ་སྤེལ་བ་དང་ལྗོངས་ཆུ་བེད་ཐིང་གིས་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང“ལྷ་བུ་ཕུ་ཤང་གི་ཆུ་མཁོ་འདོན་སྒྱུར་བཀོད་ལས་གྲྭར”མ་དངུལ་ཞལ་འདེབས་འབུལ་བའི་མཛད་སྒོ་གཉེར་བ་དང་ཀྲུང་གོ་ཆུ་བེད་ཁེ་ལས་མཐུན་ཚོགས་ཀྱི་ཚོགས་གཙོ་ཀྲང་ཀྲེ་ཐུང་གིས་ཀྲུང་གོ་ཆུ་བེད་ཁེ་ལས་མཐུན་ཚོགས་ཀྱི་ཚབ་ཞུས་ཏེ་རྣམ་གླིང་རྫོང་དུ་མ་དངུལ་སྒོར་ཁྲི་73ཞལ་འདེབས་ཕུལ་བ་དེ་ཤང་དེའི་འཐུང་ཆུ་མཁོ་འདོན་གྱི་གནད་དོན་ཐག་གཅོད་ལ་སྤྱད་པ་རེད།

    གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་ལྷ་བུ་ཕུ་ཤང་ནི་འབྲོག་ལས་རྐྱང་པའི་རྫོང་ཞིག་ཡིན་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་4600ཡོད་པ་དང་ས་བཟུང་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་2242ཟིན་ཡོད། ཤང་དེར་སྲིད་འཛིན་གྲོང་ཚོ་5དང་ཁྱོན་མི་འབོར་2133ཡོད་པ་ལས་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་755ཡོད་པ་དང་དབུལ་པོ་ཐོན་ཚད་35.40%ཟིན་ཡོད་པ་རེད། རང་བྱུང་ཆ་རྐྱེན་ཞན་པ་དང་། འབྲོག་པ་མང་ཚོགས་ཀྱི་འཐུང་ཆུའི་ཐད་དཀའ་ངལ་ཆེ་བ། འཐུང་ཆུ་དཀོན་པའི་རྐྱེན་གྱིས་དབུལ་པོར་གྱུར་བའི་གནད་དོན་མངོན་གསལ་དོད་པོ་ཡོད། སྔར་ནས་བཟུང་ཤང་དེའི་ལས་བྱེད་པ་དང་མང་ཚོགས་ཚོས་རི་མཐོའི་གངས་ཆུ་བཞུར་བའི་ཆུས་འཐུང་ཆུའི་གནད་དོན་ཐག་གཅོད་བྱེད་ཀྱི་ཡོད་པས་ཆུའི་ཐོན་ཁུངས་ཀྱི་སྤུས་ཚད་འགན་ལེན་བྱེད་ཐབས་བྲལ་བ་ཕུད། ད་དུང་ས་བབ་མཐོ་བས་དགུན་དུས་བར་ཐག་སྤྱི་ལེ་30ཙམ་གྱི་རི་གཤམ་གྱི་འཁྱག་པའི་འོག་ནས་ཆུ་ལེན་པར་སྐྱོད་དགོས་ཀྱི་ཡོད། ཆུ་ལེན་པར་སྐྱོད་རིང་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་ཧ་ཅང་ཆེན་པོ་འཕྲད་ཀྱི་ཡོད། མ་དངུལ་མི་འདང་བའི་དབང་གིས་ཆུ་མཁོ་འདོན་དང་འཐུང་ཆུའི་བདེ་འཇགས་ནི་ལྷ་བུ་ཕུ་ཤང་ཏང་ཨུད་དང་ཤང་སྲིད་གཞུང་ལ་དུས་ཡུན་རིང་པོ་འཕྲད་པའི་དཀའ་གནད་ཅིག་རེད་ལ། ལྷ་བུ་ཕུ་ཤང་གི་མི་སེར་ཚོ་དབུལ་པོ་ལས་སྒྲོལ་ཐུབ་པ་བྱེད་པའི་འགག་རྩ་ཞིག་ཀྱང་རེད།

    གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་ལྷ་བུ་ཕུ་ཤང་དུ་བཅའ་སྡོད་ལྗོངས་ཆུ་བེད་ཐིང་གི་ལས་དོན་རུ་ཁག་གིས་ཆུ་བེད་ལས་རིགས་ཀྱི་ལེགས་ཆ་གང་ལེགས་སྤྱད་དེ་རྣམ་གླིང་རྫོང་ཨུད་དང་རྫོང་སྲིད་གཞུང་ལ་གཞོགས་འདེགས་བྱས་ནས་ལྷ་བུ་ཕུ་ཤང་གི་ཆུ་མཁོ་འདོན་ལས་གྲྭའི་དུས་འགོའི་ལས་དོན་འབོར་ཆེན་བསྒྲུབས་ཡོད་པ་རེད། མ་དངུལ་གྱི་གནད་དོན་ཐག་གཅོད་བྱ་ཆེད། ལྗོངས་ཆུ་བེད་ཐིང་གིས་ཀྲུང་གོ་ཆུ་བེད་ཁེ་ལས་མཐུན་ཚོགས་དང་མཐུན་སྦྱོར་འབྲེལ་མཐུད་བྱས་པ་དང་ཀྲུང་གོ་ཆུ་བེད་ཁེ་ལས་མཐུན་ཚོགས་ཀྱིས་དང་ལེན་ཧུར་ཐག་བྱས་ཏེ་པེ་ཅིང་ཅིན་ཧོ་ཆུ་དོན་འཛུགས་སྐྲུན་ཚད་ཡོད་ཀུང་སི་དང་ནང་སོག་ལེའོ་ཧོ་ལས་གྲྭ་ཅུས་མ་རྐང་ཚད་ཡོད་ཀུང་སི་དང་མཉམ་འབྲེལ་ཐོག་རང་འགུལ་ངང་དབུལ་སྒྲོལ་འགག་སྒྲོལ་གྱི་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་ནས་སྒེར་སེམས་མེད་པར་མ་དངུལ་སྒོར་ཁྲི་73ཞལ་འདེབས་ཕུལ་ཏེ་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང“ལྷ་བུ་ཕུ་ཤང་གི་ཆུ་མཁོ་འདོན་སྒྱུར་བཀོད་ལས་གྲྭར”བཏང་ནས་དེ་སྔའི་ཆུ་མཁོ་འདོན་མ་ལག་གི་ཆུ་ལེན་ས་དང་། འཐུང་ཆུའི་ཆུ་མདོང་། ཆུ་སྙིགས་ཀྱི་རྫིང་བུ། ཆུ་གསོག་རྫིང་བུ། དུད་ཚང་དུ་འཁྲིད་པའི་ཆུ་མདོང་སོགས་སྒྲིག་ཆས་སྒྱུར་བཀོད་ཀྱིས་ཆུ་མཁོ་འདོན་འགན་ལེན་བྱེད་ཚད་དམའ་བ་དང་། ཆུའི་སྤུས་ཚད་ཞན་པ། ཆུ་ཤུགས་ཆུང་བ། སྒྲིག་ཆས་སྐྱོན་ཤོར་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།