རིག་གནས་མཉམ་འདྲེས་གནའ་ལམ་བཀྲག་མདངས་འཚེར།
ཤོ་པ་མདོ་ནི་ཁྲོན་བོད་གནའ་ལམ་དང་ཡུན་བོད་གནའ་ལམ་གྱི་འབྲེལ་མཚམས་ཡིན་ལ། ཇ་རྟའི་ཚོང་ལམ་གྱི་ས་ཚུགས་ཆེ་ཤོས་ཤིག་ཀྱང་རེད། ལོ་ཟླ་རིང་མོར་ནང་སའི་རས་ཆ་དང་། དར་གོས། རྫ་ཆས་སོགས་ཀྱི་ཚོང་ཟོག་གནས་འདི་བརྒྱུད་ཨེ་ཤེ་ཡ་ལྷོ་མར་འཚོང་བ་དང་། མཐའ་མཚམས་སུ་དར་ཆེ་བའི་རྟ་དྲེལ་དང་། པགས་པ། སྨན་རྒྱུ་བཅས་ཀྱང་ཤོ་པ་མདོ་བརྒྱུད་ནང་སར་ཉོ་ཚོང་བྱེད་ཀྱི་ཡོད།
ཤོ་པ་མདོ་གྲོང་རྡལ་གྱི་ཕྱོགས་བཞིར་ལྟ་སྐབས། ཆིང་རྒྱལ་རབས་ཀྱི་རྒྱ་རིགས་ཀྱི་བང་སོའི་ཁྱུ་ཚོགས་དང་། གནའ་གྲོང་གི་གྱང་ཤུལ། ཤོ་པ་མདོ་རྫོང་གི་ཤུལ་རྙིང་ལ་སོགས་པའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་རྗེས་ཤུལ་གང་སར་མཐོང་རྒྱུ་ཡོད།
གྲོང་མི་བློ་བཟང་ཆོས་འབྱོར་དང་བློ་བཟང་རྒྱལ་མཚན་ནི་ཆིང་རྒྱལ་རབས་ཀྱི་རྒྱ་རིགས་ཀྱི་བང་སོའི་ཁྱུ་ཚོགས་ལྟ་སྲུང་བྱེད་མཁན་རེད། བང་སོའི་ཁྱུ་ཚོགས་དེའི་ཤར་ནུབ་ཀྱི་རིང་ཚད་ལ་སྨི་150ཡོད་པ་དང་ལྷོ་བྱང་གི་ཞེང་ཚད་ལ་སྨི་80ཡོད། དེ་གར་ཡོད་པའི་བང་སོའི་རྡོ་རིང་ལ་ལྟ་སྐབས། ཆིང་རྒྱལ་རབས་ཀྱི་རྒྱ་རིགས་ཀྱི་བང་སོའི་ལོ་རབས་ནི་ཕལ་ཆེར་ཏའོ་ཀོང་ཁྲི་ལོ་ནས་མིང་གོའི་སྲིད་ལོ་སོ་གསུམ་བར་རྒྱུན་མཐུད་པ་དང་། དུར་འཇུག་བྱས་པ་དག་ནི་ཆིང་རྒྱལ་རབས་ཀྱི་དམག་སྤྱི་ཀྲའོ་ཨེར་ཧྥུང་གིས་སྣེ་ཁྲིད་པའི་དམག་མི་ཡིན་པ་རེད།
བློ་བཟང་ཆོས་འབྱོར་གྱིས་ཆིང་རྒྱལ་རབས་ཀྱི་དམག་མི་ཡུན་རིང་ཤོ་པ་མདོར་བཅའ་སྡོད་བྱས་པས་ཡུལ་འདིར་རྒྱའི་རིག་གནས་ཀྱི་གཞི་རྒྱུ་མང་པོ་གནས་ཡོད། ད་ཆ་ཤོ་པ་མདོའི་གྲོང་མི་ཁག་གཅིག་གིས་དྭངས་གསལ་དུས་ཚིགས་སྐབས་སུ་མེས་པོར་མཆོད་འབུལ་དང་དུར་ས་ཕྱག་པ་དང་། ཟླ་མཆོད་དུས་ཆེན་སྐབས་ཟླ་མཆོད་བག་ལེབ་བཟོ་བ། དཔྱིད་གསར་དུས་ཆེན་སྐབས་ལོ་གསར་གནམ་གང་གི་ཟ་མ་ཟ་བ་དང་ལོ་གསར་ཆ་ཡིག་སྦྱོར་བ། སྟོན་དུས་བསྙལ་ཚལ་སྙོལ་བ། དུས་སྟོན་སྐབས་སེང་རྩེད་རྩེད་པ་སོགས་ཀྱི་ཡུལ་སྲོལ་གོམས་གཤིས་མང་པོ་ད་བར་གནས་ཡོད་ཅེས་གསར་འགོད་པར་བཤད།
ད་བར་རྒྱུན་བསྐྱངས་པའི་སེང་རྩེད་ནི་བོད་རྒྱ་མི་རིགས་གཉིས་ཀྱི་རིག་གནས་མཉམ་འདྲེས་ཀྱི་འབྲས་བུ་ཞིག་རེད་ལ། རྗེས་ཤུལ་གསོན་པོ་ཞིག་དེ་བས་རེད། ལོ་63ལ་སླེབས་པའི་བསྟན་པ་ཨ་ནིང་ནི་སེང་རྩེད་ཀྱི་མི་རབས་གསུམ་པའི་རྒྱུན་འཛིན་པ་ཞིག་རེད། ཁོང་གིས་ངོ་སྤྲོད་བྱས་པར་གཞིགས་ན། 1922ལོར་ངའི་མེས་པོ་རྡོ་རྗེ་ཚེ་བརྟན་གྱིས་ཆིང་རྒྱལ་རབས་ཀྱི་བཅའ་སྡོད་དཔོན་དམག་ས་ནས་སེང་རྩེད་སྦྱངས་པ་དང་། སྦྱངས་པ་མཐར་ཕྱིན་བྱུང་རྗེས་མེས་པོས་སླར་ཡང་སེང་རྩེད་ཀྱི་རྨང་གཞིའི་ཐོག་ངོ་མཚར་རབ་ཏུ་ཕྱུག་པའི་སྟངས་སྟབས་མང་པོ་ཞིག་བསྣན་གནང་བ་རེད།
བསྟན་པ་ཨ་ནིང་ཆུང་དུས་ཕའི་གམ་ནས་སེང་རྩེད་སྦྱངས་པ་དང་ལོ་བཅུ་ཕྲག་རིང་འཁྲབ་རྩལ་མཐར་ཕྱིན་པ་ཤེས་ཡོད། ད་ཆ་སེང་རྩེད་གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཡིན་པས་ཆབ་མདོ་གྲོང་ཁྱེར་དང་ལྷོ་རོང་རྫོང་སྲིད་གཞུང་གིས་སེང་རྩེད་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ཡོད། “2017ལོར་ཆབ་མདོ་གྲོང་ཁྱེར་རིག་གནས་ཅུས་ཀྱིས་ང་ཚོར་སྒོར་ཁྲི་3ལྷག་ཙམ་གྱི་ཁ་གསབ་དངུལ་སྤྲད་བྱུང”ཞེས་བསྟན་པ་ཨ་ནིང་གིས་དགའ་ཚོར་ཆེན་པོས་བཤད།
ཤོ་པ་མདོ་གྲོང་རྡལ་གྱི་ཏང་ཨུད་ཧྲུའུ་ཅི་ལིའུ་ཀྲི་པིང་གིས“དེང་སྐབས་གྲོང་རྡལ་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བར་ཁྱོན་མ་དངུལ་སྒོར་ཁྲི་1000བཏང་བ་དང་། ས་གནས་དེ་རང་གི་རིག་གནས་ཤུལ་བཞག་མང་པོར་བརྟེན་པ་དང་མི་རིགས་ཀྱི་ཁྱད་ལྡན་ལག་ཤེས་བཟོ་རྩལ་ཟུང་འབྲེལ་བྱས་ནས་ཡུལ་སྐོར་ལས་རིགས་གསར་སྤེལ་བྱས་ཡོད། ‘ས་མཚམས་ཕྱིའི་ཡུལ་སྐོར’དེ‘དམིགས་སའི་ཡུལ་སྐོར’དུ་གྱུར་པར་བྱས་ནས་སྣེ་མང་ཅན་གྱི་ཡུལ་སྐོར་གྲོང་རྡལ་གསར་པ་གལ་ཆེན་ཞིག་བཏོད་དེ་བོད་རྒྱ་རིག་གནས་སྤེལ་རེས་དང་མཉམ་འདྲེས་ཀྱི་རྗེས་ཤུལ་ལ་གསོན་ཤུགས་གསར་པ་རྒྱས་པར་བྱེད་དགོས”ཞེས་གསར་འགོད་པར་བཤད།
བོད་རྒྱ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ།
1950ལོའི་ཟླ་བཅུ་གཅིག་པར་དམག་སྡེ་བཅོ་བརྒྱད་པའི་ཧྲི་ཤོག་52པའི་ཐོན་ཤོག་154པའི་ཡིང་དང་པོ་ཤོ་པ་མདོར་བཅའ་སྡོད་བྱས། བཅའ་སྡོད་བྱེད་རིང་ཡུལ་དེའི་མང་ཚོགས་དབར་ཉ་ཆུ་ལྟ་བུའི་འབྲེལ་བ་ཟབ་མོ་ཆགས་ཡོད། ད་ཆ་ཤོ་པ་མདོ་གྲོང་རྡལ་གྱི་གྲོང་མིའི་ཁྱིམ་དུ་དམག་སྡེ་བཅོ་བརྒྱད་པའི་ནོར་སྲིད་ཀྱི་རྩིས་པའི་ཇ་ལྟིར་དང་རྩིས་ཁྲ་ཡོད་པ་མ་ཟད། དམག་སྡེ་བཅོ་བརྒྱད་པས་ཤོ་པ་མདོའི་ལུང་ཤུར་དུ་བཏབས་པའི་རྒྱ་ལྕང་ཆེན་པོ་བརྒྱ་དང་ཆུ་བོའི་ངོགས་ཀྱི་མུའུ་300ཟིན་པའི་རྨོ་ཞིང་ནི་དམག་སྡེ་བཅོ་བརྒྱད་པས་ཡུལ་ཕྱོགས་ཤིག་གི་མི་སེར་ལ་ཕན་པ་བསྐྲུན་པའི་དཔང་པོ་དངོས་ཤིག་དེ་བས་རེད།
2012ལོའི་ཟླ་5ཚེས་1ཉིན་ལྷོ་རོང་རྫོང་གིས་ཤོ་པ་མདོའི་བོད་རྒྱ་གཉེན་སྒྲིག་གི་ཁྱིམ་ཚང་དགུ་ལ་བག་སྟོན་བཤམས་པ་རེད། ད་བར་ཤོ་པ་མདོ་གྲོང་རྡལ་དུ་བོད་རྒྱ་གཉེན་སྒྲིག་བྱེད་མཁན་ཁྱིམ་ཚང་32ཟིན་པ་དང་། གྲངས་གཞི་འདི་རྒྱུན་ཆད་མེད་པར་འཕར་བཞིན་ཡོད།
ལིའུ་ཡུང་ཧྲུན་དང་སྤེན་པ་སྒྲོལ་མ་ནི་བོད་རྒྱ་གཉེན་སྒྲིག་གི་ཁྱིམ་ཚང་གྲས་ཤིག་རེད། འདི་ལོ་ལོ་42ལ་སླེབས་པའི་ལིའུ་ཡུང་ཧྲུན་ནི་སི་ཁྲོན་ཞིང་ཆེན་ཙེ་ཀུང་གྲོང་ཁྱེར་ཧྥུའུ་ཧྲུན་རྫོང་ནས་ཡིན་པ་དང་། 2001ལོར་ཕ་ཡུལ་གཅིག་པ་དང་མཉམ་དུ་ལྷོ་རོང་རྫོང་གི་ཨར་ལས་བྱ་ཡུལ་ཞིག་ཏུ་ལས་ཀ་བྱེད་པར་བསྐྱོད། 2007ལོར་ལིའུ་ཡུང་ཧྲུན་གྱིས་ལྷོ་རོང་རྫོང་རྫི་ཐོ་གྲོང་རྡལ་གྱི་ལས་ཡུལ་ཞིག་ནས་ཤོ་པ་མདོ་གྲོང་རྡལ་ཤོ་པ་མདོ་གྲོང་ཚོའི་སྤེན་པ་སྒྲོལ་མ་ངོ་ཤེས།
ལོ་གཅིག་རིང་ཕན་ཚུན་རྒྱུས་ལོན་རྗེས། 2008ལོར་ལིའུ་ཡུང་ཧྲུན་དང་སྤེན་པ་སྒྲོལ་མ་གཉེན་སྒྲིག་བྱས་པ་དང་དེ་རྗེས་ལིའུ་ཡུང་ཧྲུན་ཤོ་པ་མདོ་གྲོང་ཚོར་གཞིས་ཆགས། ལིའུ་ཡུང་ཧྲུན་གྱིས“དུས་རྒྱུན་ང་གཉིས་སི་ཁྲོན་གྱི་ཡུལ་སྐད་རྒྱག་གི་ཡོད། བོད་རྒྱ་གཉིས་ཀའི་དུས་ཆེན་གཏོང་གི་ཡོད། བཟའ་བཏུང་ཐད་ལའང་མ་གོམས་པ་གཅིག་ཀྱང་མི་འདུག”ཅེས་བཤད།
ཁྱིམ་གྱི་བསྙལ་ཚལ་ཐོན་ལས་ཞིག་ཏུ་གྱུར།
སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་མྱོང་རོལ་དང་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཉན་རྗེས། ཁ་ལ་ཞིམ་པའི་ཤོ་པ་མདོ་གྲོང་ཚོའི་བསྙལ་ཚལ་གྱི་བྲོ་བ་ཞིག་མ་མྱངས་ན་ཡིད་ཕམ་སྐྱེ་འོས་པ་ཞིག་རེད། བོད་ཤར་དུ་སྐད་གྲགས་ཅུང་ཙམ་ཆོད་པའི་ཤོ་པ་མདོའི་ཚལ་སྙོལ་སྟངས་དང་བྲོ་བ་གཉིས་ཀ་བསྙལ་ཚལ་གཞན་དང་མི་འདྲ་བའི་ཁྱད་ཆོས་ལྡན་ཡོད།
ཤོ་པ་མདོ་གྲོང་ཚོའི་ཁྱིམ་ཚང་གི་བསྙལ་ཚལ་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། ཁྱིམ་ཚང་ཚང་མར་ཚལ་སྙོལ་བའི་གོམས་གཤིས་ཡོད། སྔོན་མ་ཤོ་པ་མདོ་གྲོང་ཚོའི་ཁྱིམ་ཚང་གི་བསྙལ་ཚལ་ནི་རང་ཁྱིམ་གྱི་ཟ་བཅར་སྤྱོད་ཆེད་རེད། 2012ལོར་ཤོ་པ་མདོའི་བསྙལ་ཚལ་ལ་འཕེལ་རྒྱས་ཆེན་པོ་བྱུང་སྟེ། ཤོ་པ་མདོ་གྲོང་ཚོའི་ཕྱུག་འགྱུར་སྣེ་ཁྲིད་པ་བུ་ལོད་ཀྱི་འབད་བརྩོན་འོག་ཤོ་པ་མདོ་གྲོང་ཚོའི་བསྙལ་ཚལ་མ་ཁྱིམ་ཚང་གི་ཟ་བཅར་སྤྱོད་པ་ནས་རིམ་བཞིན་ཉེ་རྒྱང་གང་སར་སྐད་གྲགས་ཆོད་པའི་ཐོན་རྫས་ཤིག་ཏུ་གྱུར།
བུ་ལོད་ཁྱིམ་གྱི་ཚལ་སྙོལ་སྟངས་ལ་མི་རབས་བཞི་ལྔ་ཙམ་གྱི་ལོ་རྒྱུས་ལྡན་ཡོད། ཁོང་ཆུང་དུས་ནས་ཕ་མས་ཚལ་ཇི་ལྟར་སྙོལ་བ་མིག་མཐོང་ལག་འཛིན་བྱུང་བས་རིམ་བཞིན་རང་ཉིད་ཀྱིས་ཀྱང་སྙོལ་སྟངས་ཤེས། བསྙལ་ཚལ་བཟོ་བའི་རྒྱུ་ཆ་ནི་ས་བབ་མཐོ་ཚད་སྨི་3600ཡན་དུ་འཚར་བའི་ལྷད་མེད་པད་ཚལ་ཡིན་པ་དང་། ཚྭ་རྒྱག་སྐབས་ཀྱང་དང་དོད་ཆེན་པོ་ཡོད་པ་སྟེ། ས་བབ་མཐོ་བའི་ཁུལ་ནས་ཐོན་པའི་ཚྭ་རྩིང་ཤ་སྟག་ཡིན་ཞིང་། ཚྭ་དེས་བསྙལ་བའི་ཚལ་བྲོ་བ་ཞིམ་པོ་ཡོད།
ཐེངས་ཤིག་གཉེན་ཉེ་ཞིག་གིས་བུ་ལོད་ལ་ཁྱེད་ཚང་གི་བསྙལ་ཚལ་ཧ་ཅང་ཞིམ་པོ་འདུག རྟག་པར་ཟ་རྒྱུ་བྱུང་ན་ཡག་པོ་ཡོང་བ་འདུག་ཅེས་བཤད་པས་དེ་ལས་བུ་ལོད་ལ་ལས་གཏོད་ཀྱི་བསམ་བློ་འཁོར། དེ་འཕྲལ་བུ་ལོད་ཀྱིས་བསྙལ་ཚལ་གྱི་ལས་སྣོན་བཟོ་གྲྭ་བཙུགས་པ་མ་ཟད། བློ་མོས་ཡོད་པའི་གྲོང་མི་བསྐོངས་ནས་བསྙལ་ཚལ་བཟོས།
རྣམ་གྲངས་འདུན་ཞུ་བྱེད་པ་དང་། བཟོ་ཁང་འཛུགས་པ། བསྙལ་ཚལ་གྱི་ཚད་གཞི་གཅིག་གྱུར་བཟོ་བ། ཕྱིར་འཚོང་བ་སོགས་བྱས་པ་བརྒྱུད་2013ལོར་ཤོ་པ་མདོའི་བསྙལ་ཚལ་གྱི་ཆེད་ལས་མཉམ་ལས་ཁང་གི་ལོ་ཧྲིལ་པོའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི་4.5ཟིན་པ་དང་ཡོང་འབབ་ཁེ་གཙང་སྒོར་ཁྲི་2.3བྱུང་ཡོད། ཡོང་འབབ་ཡོད་པ་མཐོང་རྗེས། གྲོང་མི་སྔར་ལས་མང་བས་མཉམ་ལས་ཁང་དུ་ཞུགས་འདོད་བྱེད་པ་དང་། གྲོང་མི་སྒྲོལ་དཀར་གྱིས་2016ལོར་མཉམ་ལས་ཁང་དུ་ཞུགས་པ་དང་2017ལོར་དངུལ་སྨར་ཡོང་འབབ་སྒོར་4000ལྷག་ཙམ་བྱུང་ཡོད།
ཤོ་པ་མདོ་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ལིའུ་ཀྲི་པིན་གྱིས“ཤོ་པ་མདོ་གྲོང་རྡལ་གྱི་བསྙལ་ཚལ་ལས་སྣོན་རྣམ་གྲངས་ལག་ལེན་བསྟར་ཚུན། གྲོང་རྡལ་སྲིད་གཞུང་གིས་བཟོ་ཁང་སྐྲུན་རོགས་དང་སྔོན་ཐོན་གྱི་ཐོན་སྐྱེད་སྒྲིག་ཆས་ཉོ་རོགས་བྱས་ཡོད། རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་པ་བརྒྱུད། ད་ཆ་བསྙལ་ཚལ་ཐོན་ཚད་རྒྱ་མ་ཁྲི་1ཟིན་པ་དང་འབྲེལ། དུད་ཚང་དབུལ་པོ་89ལ་རོགས་སྐྱོར་ཐུབ་པས་དུད་ཚང་རེར་ཆ་སྙོམས་དངུལ་སྨར་ཡོང་འབབ་སྒོར་7000ལྷག་ཙམ་འཕར་ཡོད”ཅེས་གསར་འགོད་པར་བཤད།
ཤོ་པ་མདོ་གྲོང་རྡལ་གྱི་མང་ཚོགས་ཀྱིས“མི་རིགས་མཐུན་སྒྲིལ་གྱི་ལྗོན་ཤིང”འོག་ཏུ་མི་རིགས་མཐུན་སྒྲིལ་དང་རྒྱལ་གཅེས་རིང་ལུགས་ཀྱི་གཏམ་རྒྱུད་ཤོད་བཞིན་པ།
ཤོ་པ་མདོ་གྲོང་ཚོའི་མང་ཚོགས་ཀྱིས་ཚལ་མ་བསྙལ་གོང་རང་ཁྱིམ་གྱི་སྒོ་རར་པད་ཚལ་སྐེམ་བཞིན་པ།
ཤོ་པ་མདོ་གྲོང་རྡལ་གྱི་ཆིང་རྒྱལ་རབས་ཀྱི་རྒྱ་རིགས་ཀྱི་བང་སོའི་ཁྱུ་ཚོགས་ཡིན་པ།