སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི”མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ནས“འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན”བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་གསར་པ་འཕེལ་རྒྱས་གཏོང་ཆེད། 2018ལོ་ནས་བཟུང་ཆབ་མདོ་གྲོང་ཁྱེར་གྱིས་གྲོང་ཁྱེར་དབུས་ཀྱི་ཁྲོམ་གཞུང་དེ་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་ཁྲོམ་གཞུང་ཞིག་ཏུ་བཏོད་པ་དང་། བྱེད་ཐབས་སྣ་མང་སྤྱད་པ་བརྒྱུད་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་གཏོད་པར་རྣམ་པ་བཟང་པོ་ཞིག་བཏོད་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཆབ་མདོ་གྲོང་ཁྱེར་གྱིས་ལོ་འགོར་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་ཁྲོམ་གཞུང་འཛུགས་སྐྲུན་གྱི་སྤྱིའི་འཆར་འགོད་བཟོས་པ་དང་ཆབས་ཅིག འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱས་ནས་ལས་དོན་ཚོགས་ཆུང་བཙུགས་ཏེ“ཚང་མས་མི་རིགས་མཐུན་སྒྲིལ་མཉམ་དུ་གཏོད། བདེ་སྐྱིད་ལྡན་པའི་འཚོ་བ་མཉམ་དུ་ལོངས་སུ་སྤྱོད”ཅེས་པ་འགོ་འཛུགས་ས་དང་ཤུགས་རྒྱག་སར་བྱས་ནས་སྒོར་ཁྲི་111.87བཏང་སྟེ་ཀྲུང་ཧྭའི་རིག་གནས་དང་། བོད་ཀྱི་རིག་གནས། ཆབ་མདོའི་རིག་གནས་བཅས་མཛེས་ལྗོངས་ལས་སྟེགས་ཐུན་མོང་ཐོག་བཏོད་པ་དང་ཆབས་ཅིག དྲིལ་བསྒྲགས་ཀྱི་གཟུགས་བརྙན་སྣ་ཚོགས་བཙུགས་པ་དང་ས་ཁོངས་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་པའི་བྱེད་སྟངས་བརྒྱུད་ཁྲོམ་གཞུང་གི་དེ་སྔའི་རྣམ་པ་ཕྱོགས་ཡོངས་ནས་སླར་གསོ་བྱས་ཏེ་ཁྲོམ་གཞུང་རྒྱུད་ཀྱི་ཚོང་ཁང་ལ“འགན་གཙང་བཞིའི”འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་པས་ཁྲོམ་གཞུང་ཁམས་གཙང་དང་བཀོད་པ་མཛེས་པོ་བྱུང་སྟེ“ཁྲོམ་ཆེན་ཁྲོམ་གཞུང”སླར་གསོ་ཐུབ་པ་དང་ཆབས་ཅིག་ཟངས་ཀྱི་གཟུགས་བརྙན་དང་། རལ་པའི་རྔ། ཟངས་ལས་གྲུབ་པའི་རྫ་ཆས། དྲིལ་བསྒྲགས་འགྲེམས་པང་སོགས་བཙུགས་ཏེ་ཆབ་མདོའི་སྲོལ་རྒྱུན་གྱི་ལོ་རྒྱུས་རིག་གནས་ནུས་ལྡན་ངང་མངོན་པར་བྱས་ཡོད།
དེ་དང་ཆབས་ཅིག འདི་ལོའི་ལོ་སྨད་ནས་བཟུང་ཆབ་མདོ་གྲོང་ཁྱེར་གྱིས“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ། བློ་སེམས་གཅིག་མཐུན་ངང་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཏེ་རྒྱ་ཆེའི་ལས་བྱེད་པ་དང་། གྲྭ་བཙུན། སློབ་མ། མང་ཚོགས་མུའུ་སི་ལིན། ས་གནས་ཀྱི་གྲོང་མི། ཏང་ཡོན་རྒན་གྲས། ངལ་རྩོལ་དཔེ་བཟང་བ་རྒན་གྲས། མི་དམངས་འཐུས་ཚོགས་ཀྱི་འཐུས་མི། སྲིད་གྲོས་ཀྱི་ཨུ་ཡོན་སོགས་སྤྱི་ཚོགས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣ་མི་རིགས་མཐུན་སྒྲིལ་དཔེ་སྟོན་ཁྲོམ་གཞུང་དུ་ལྟ་སྐོར་སློབ་སྦྱོང་ལ་བསྐྱོད་ནས་མི་རིགས་མཐུན་སྒྲིལ་བྱ་བ་རང་ངོས་ནས་འགོ་རྩོམ་པ་དང་ཉེ་འགྲམ་གྱི་བྱ་བ་ཆུང་ཙག་ནས་འགོ་རྩོམ་དགོས་པའི་འདུ་ཤེས་འཛུགས་རྒྱུར་སྔར་བས་ཁྲིད་སྟོན་བྱས་པ་རེད།