དབུ་ཤོག>གསར་འགྱུར།
  • མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-12-07

    མི་རིགས་མཐུན་སྒྲིལ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུ་ཞིག་ཡིན་པས་མི་རིགས་དབར་མཐུན་སྒྲིལ་མེད་ཚེ། བོད་ལྗོངས་ཞི་བདེ་དང་། བརྟན་ལྷིང་། འཕེལ་རྒྱས་བཅས་ཡོང་ཐབས་མེད། ལྟེ་བའི་གྲོང་ཁྱེར་གྱི་སྤྱི་བདེ་ལས་ཁུངས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་དུས་རྟག་ཏུ“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། བློ་སེམས་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་གཏོད”པའི་དམིགས་ཚད་དང་ལས་འགན་ལ་དམ་པོར་དམིགས་ཏེ། ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་གྱི་ལས་དོན་དང་ལྷ་ས་གྲོང་ཁྱེར་ཡུན་རིང་བདེ་འཁོད་ཡོང་བ་བྱེད་རྒྱུ་ཟུང་འབྲེལ་གྱིས་ཐབས་མང་མཉམ་སྤྱོད་དང་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བས་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་། ཞི་མཐུན། བརྟན་ལྷིང་བཅས་རིམ་བཞིན་ཐུབ་ཡོད།

    ཕྱོགས་གང་ས་ཅི་ཐད་ནས་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ།

    ལྷ་ས་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ཀྲའོ་ཐའོ་ཡིས“ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པའི་དཔུང་ཁག་ནི་མི་རིགས་མི་འདྲ་བ་ཁག་ལས་གྲུབ་པ་ཞིག་རེད། ཡུན་རིང་གི་ལས་དོན་དང་འཚོ་བའི་ཁྲོད་ཚང་མའི་དབར་ཉ་ཆུ་ལྟ་བུའི་ཕན་ཚུན་གཅིག་ལ་གཅིག་རྟེན་དང་བདེ་སྡུག་མཉམ་མྱོང་གི་བརྩེ་སེམས་ཟབ་མོ་རིམ་བཞིན་ཆགས་ནས་ཐུན་མོང་ཐོག་ཡར་རྒྱས་དང་། ཕན་ཚུན་རོགས་རམ། ཁྱིམ་ཚང་ཆེ་མོའི་འཆམ་མཐུན་མཉམ་གནས་ལ་རྒྱུན་ཆད་མེད་པར་སྲུང་སྐྱོང་བཅས་ཀྱི་སྲོལ་རྒྱུན་བཟང་པོ་ཞིག་ཆགས་ཡོད”ཅེས་བཤད་པ་དང་། ཁོང་གིས་ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་སྤྱི་བདེའི་ལས་དོན་དང་དཔུང་ཁག་འཛུགས་སྐྱོང་གི་དོན་དངོས་གནས་ཚུལ་ལ་གཞིགས་ཏེ་མི་རིགས་མཐུན་སྒྲིལ་ལས་དོན་ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་བྱ་ཐབས་རབ་དང་རིམ་པ་བཟོས་པ་དང་ཆེད་དོན་ཚོགས་འདུ་དང་རིམ་པ་སྟར་ཆགས་བཞིན་སྐུལ་སློང་བཀོད་སྒྲིག་རྒྱ་ཁྱབ་བྱེད་པའི་བྱ་ཐབས་ལ་བརྟེན་ནས་ལྷ་ས་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ལས་དོན་གཏིང་ཟབ་སྤེལ་ཐུབ་པའི་འགན་ལེན་བྱས་ཡོད་ཅེས་གསར་འགོད་པར་བཤད་བྱུང་།

    ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས“དྲ་རྒྱ་གཉིས་དང་འགྲེམས་པང་གཉིས་དང་དུས་དེབ་གཅིག”གི་དྲིལ་བསྒྲགས་ལས་སྟེགས་དང་། དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་LEDབརྙན་ཤེལ། ཕྱི་རོལ་བརྡ་ཆའི་དྲིལ་བསྒྲགས་སྨྱན་སྦྱོར་བཅས་ཧུར་ཐག་སྤྱད་དེ་ཕྱོགས་མང་བ་དང་ཟུར་ཚད་མང་བའི་སྒོ་ནས་ཏང་གི་མི་རིགས་སྲིད་ཇུས་དང་མི་རིགས་མཐུན་སྒྲིལ་ལས་དོན་ཤུགས་ཆེན་དྲིལ་བསྒྲགས་བྱས་པས། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བའི་ནང་རྒྱུན་འཇགས་ཐུབ་ཡོད་ལ་ཏང་གི་མི་རིགས་སྲིད་ཇུས་གསར་པ་རིམ་གྱིས་ཤེས་རྟོགས་ཀྱང་ཐུབ་ཡོད། དེ་དང་ཆབས་ཅིག་དྲིལ་བསྒྲགས་ཀྱི་བྱེད་སྒོ་ཆེ་གྲས་ཁག་ནང་ད་དུང་དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ་དང་། དྲིལ་བསྒྲགས་འགྲེམས་པང་སྒྲིག་པ། རླུང་འཕྲིན་བརྙན་ལམ་སྟོན་པ། ལག་རྟགས་ཆུང་ཆུང་སྤྲོད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ། མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་པའི་འགན་ལེན་བྱས་ཡོད།

    བྱ་བ་བཟང་པོ་དང་བྱ་བ་དངོས་བསྒྲུབས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་མཛའ་མཐུན་ཟབ་ཏུ་བཏང་བ།

    གྲོང་ཁྱེར་དེ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཞབས་ཞུའི་ལས་དོན་ཡག་པོ་སྒྲུབ་ཆེད། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་ཧུར་ཐག་བྱས་ནས་ཁོངས་གཏོགས་ཁུལ་གྱི་དཀའ་ངལ་ཡོད་པའི་མང་ཚོགས་ལ་འཚམས་འདྲིར་བསྐྱོད་དེ་ཁོང་ཚོའི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱས་པ་དང་འབྲེལ། མི་རིགས་ཁག་གི་མང་ཚོགས་སྒྲིག་འཛུགས་ཐེངས་མང་གིས་བཞུགས་མོལ་སྤེལ་རེས་ཚོགས་འདུ་འཚོགས་ཏེ་ཉེན་རྟོག་པ་དང་མང་ཚོགས་དབར་འབྲེལ་གཏུག་བྱེད་པའི་ཐབས་ལམ་ཤར་གཏོང་དང་། ཏང་གི་མི་རིགས་མཐུན་སྒྲིལ་གྱི་སྲིད་ཇུས་དྲིལ་བསྒྲགས་བྱེད་པ། མི་རིགས་ཁག་གི་མང་ཚོགས་ལ་སྤྱི་ཚོགས་བརྟན་ལྷིང་དང་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱེད་རྒྱུར་ཁྲིད་སྟོན། མི་རིགས་ཁག་གི་མང་ཚོགས་ལ་དཀའ་ངལ་དང་གནད་དོན་འཕྲད་སྐབས་རང་འགུལ་དང་ཧུར་ཐག་ངང་མི་དམངས་ཉེན་རྟོག་པར་སྙན་སེང་ཞུ་བའི་སྐུལ་ལྕག་བཅས་བྱས་ཡོད།

    འདི་ལོའི་ལོ་འགོར་ཐོན་པའི་གནས་ཚུལ་ཞིག་དྲངས་ནས་བཤད་ན། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་གཞོགས་འདེགས་དམ་ཟབ་བྱས་ནས་ཤིན་ཅང་ནས་ཡིན་པའི་ཡུ་གུར་རིགས་ཀྱི་བུ་མོ་ཆུང་ཆུང་ཞིག་རང་འགུལ་ངང་སྐྱོབ་རོགས་ཧུར་ཐག་བྱས་པར་སྤྱི་ཚོགས་ལས་རིགས་མི་སྣའི་བསྔགས་བརྗོད་ཐོབ་ཡོད། འདི་ལོའི་ཟླ་1ཚེས་31ཉིན། ལོ་6ལ་སོན་པའི་ཤིན་ཅང་ཡུ་གུར་རིགས་ཀྱི་བུ་མོ་ཆུང་ཆུང་ཞིག་བར་སྐོར་ཚོང་རའི་ཉེ་འགྲམ་དུ་རྩེད་མོ་རྩེ་སྐབས་ལམ་འགྲམ་གྱི་གློག་སྒྱུར་སྒམ་ལ་རེག་པས་སྟབས་མ་ལེགས་པར་གློག་འཁྱུད་དེ་ལུས་པོ་མང་ཆེ་བར་འཚིག་རྨས་བྱུང་ནས་དམག་ཁུལ་སྤྱི་ཁྱབ་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་ཡོད། གནས་ཚུལ་ཐོན་རྗེས་བར་སྐོར་གནའ་གྲོང་སྤྱི་བདེ་ཅུས་ཀྱིས་འཚིག་རྨས་གནས་ཚུལ་ལ་ཕྱོགས་ཡོངས་ནས་བརྟག་དཔྱད་པང་ལེན་བྱེད་འགོ་ཚུགས་པ་དང་དུས་མཚུངས་ཁྲེང་ཀོན་ཆུས་སྤྱི་བདེ་ཅུས་ཀྱིས་ཞལ་འདེབས་བསྡུ་བའི་བྱེད་སྒོ་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་གཅེས་སེམས་མི་སྣར་རོགས་སྐྱོར་བྱེད་པའི་འབོད་སྐུལ་བྱས་ཏེ་བུ་མོ་ཆུང་ཆུང་དེར་ཞལ་འདེབས་དངུལ་སྒོར་13889བསྡུས་ཡོད་པ་རེད། སྐབས་དེའི་གནས་ཚུལ་དེ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པ་ཚེ་བརྟན་དབང་གྲགས་ཀྱིས་ད་བར་བློ་ལ་གསལ་པོ་ངེས་ཡོད་དེ། ཁོང་གིས“གནས་ཚུལ་དེ་ཐོན་རྗེས་ང་དང་ལས་རོགས་འགའ་མཉམ་དུ་སྨན་ཁང་དུ་ཡུ་གུར་རིགས་ཀྱི་བུ་མོ་ཆུང་ཆུང་དེར་བལྟ་བར་ཕྱིན་པ་ཡིན། སྐབས་དེ་དུས་བུ་མོ་དེ་ཉེན་ཁ་ལས་ཐར་ཡོད་རུང་སྔར་བཞིན་སྐད་ཆ་ཤོད་ཐུབ་ཀྱི་མི་འདུག ང་ཚོས་སྨན་ཁང་དུ་བུ་མོ་དེའི་སྨན་བཅོས་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་དང་འབྲེལ། ཕྱོགས་གཅིག་ནས་སྨན་པར་ནུས་ཤུགས་ཡོད་རྒུས་སྐྱོབ་རོགས་བྱེད་རྒྱུའི་མངགས་བཅོལ་བྱས་པ་དང་། ཕྱོགས་གཞན་ཞིག་ནས་བུ་མོ་དེའི་ཕ་མར་སེམས་གསོ་བཏང་བ་དང་། བུ་མོ་དེར་སྨན་བཅོས་སྡུག་རུས་བྱས་ནས་གང་མགྱོགས་དྲག་སྐྱེད་ཡོང་རྒྱུའི་བརྩོན་ལེན་བྱེད་དགོས་པའི་ཁྲིད་སྟོན་བྱས་པ་ཡིན། ང་ཚོས་སེམས་ཁུར་དང་རོགས་རམ་བྱས་པར་བུ་མོ་དེའི་ཕ་མས་ཐུགས་རྗེ་ཆེ་ཡང་ཡང་ཞུ་གི་འདུག རྗེས་སུ་དུས་མཚམས་ཤིག་རིང་སྨན་བཅོས་བྱས་པ་བརྒྱུད། བུ་མོ་དྲག་སྐྱེད་ཡག་པོ་བྱུང་འདུག”ཅེས་བཤད་བྱུང་།

    ཆ་སྒྲིག་དང་གནད་སྨིན་རོགས་སྐྱོར་གྱིས་དབུལ་སྒྲོལ་དཀའ་སེལ་བྱས་ནས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བཏང་བ།

    ཞི་མཐུན་སྤྱི་ཚོགས་བསྐྲུན་པ་དང་ཐུན་མོང་ཐོག་ཕྱུག་པོ་ཆགས་པ་བྱེད་རྒྱུ་དམིགས་ཡུལ་དུ་འཛིན་པ་དང་། གྲོང་ཚོ་དབུལ་པོ་དང་། དུད་ཚང་དབུལ་པོ། མི་འབོར་དབུལ་པོ་བཅས་རོགས་སྐྱོར་བྱ་ཡུལ་དུ་བརྩིས་ནས་ཞིང་དུད་དབུལ་པོའི་ཡོང་འབབ་འཕར་སྣོན་དང་གྲོང་ཚོ་དབུལ་པོའི་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་གཏོང་རྒྱུ་རོགས་སྐྱོར་གྱི་དམིགས་ཡུལ་དུ་བཟུང་ནས་ཉེ་ལམ་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་རྨང་བརྟན་དམངས་ཕན་དང་ཆ་སྒྲིག་རོགས་སྐྱོར་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ལས་ཀའི་བྱ་ཐབས་རྒྱུན་ཆད་མེད་པར་གསར་གཏོད་བྱེད་པ་དང་། ཆ་སྒྲིག་རོགས་སྐྱོར་བྱ་ཡུལ་དུ་བསྐྱོད་དེ་བརྟག་ཞིབ་བཅར་འདྲིའི་ལས་དོན་སྤེལ་ནས་ཆ་སྒྲིག་རོགས་སྐྱོར་གྲོང་ཚོའི་གཞི་རྩའི་གནས་ཚུལ་ཁོང་དུ་ཆུད་པར་བྱས་པའི་རྨང་གཞིའི་ཐོག་རྒྱ་ཆེའི་མི་དམངས་ཉེན་རྟོག་པ་དང་ཁྱིམ་ཚང་དབུལ་པོ་204སྒྲིག་འཛུགས་ཀྱིས“མི་རིགས་གཉེན་ཉེའི་འབྲེལ་བ”བཙུགས་པ་རེད། དེ་དང་ཆབས་ཅིག་གཅིག་སྡུད་སྒྲིག་འཛུགས་དང་མི་སྒེར་བསྐྱོད་པ་ཟུང་འབྲེལ་གྱི་བྱ་ཐབས་ཐོག་ནས་མི་དམངས་ཉེན་རྟོག་པ་དུས་ཚིགས་རེར“གཉེན་ཉེ”དང་ཐུག་འཕྲད་ཐེངས་རེ་བྱེད་པའི་བླང་བྱ་དོན་འཁྱོལ་བྱས་ཡོད། བྱེད་སྒོ་མ་སྤེལ་གོང་རྟག་ཏུ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་གཅིག་གྱུར་བླང་བྱ་བཏོན་ནས་འཆར་གཞི་ཞིབ་ཕྲ་བཟོས་པ་དང་། རིམ་ཁག་ཏང་རྩ་འཛུགས་དང་དེའི་ནང་ཞུགས་མཁན་མི་དམངས་ཉེན་རྟོག་པ་ཚང་མས་འཚམས་འདྲིའི་དངོས་པོ་སྤྲོད་པ་དང་། སྲིད་ཇུས་སྒྲོག་འགྲེལ་ཚུད་པའི་བྱེད་སྒོའི་ནང་དོན་ཁག་དོན་འཁྱོལ་ནན་པོ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།