ཉེ་བའི་ལོ་ཤས་རིང་། མི་རིགས་མཐུན་སྒྲིལ་དང་འཛུགས་སྐྲུན་འཆར་འགོད་ཐད་ཆབ་མདོ་གྲོང་ཁྱེར་གྱི་གོང་འོག་ཚང་མས་སེམས་ནུས་གཅིག་སྒྲིལ་གྱིས་ཞི་མཐུན་བདེ་སྐྱིད་དང་ཡུན་རིང་བདེ་འཁོད་ཀྱི་མཛེས་སྡུག་ཡིད་དབང་འཕྲོག་པའི་རྣམ་པ་ཟབ་མོ་ཞིག་བཏོད་ཡོད།
ལམ་སྲོལ་བཙུགས་ནས་རྩ་བ་བརྟན་དུ་བཏང་བ་དང་ཡན་ལག་རྒྱས་པར་བྱས་པ།
མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་ལས་དོན་སྤེལ་རིང་ཆབ་མདོ་གྲོང་ཁྱེར་གྱིས་རྩེ་རིམ་ཇུས་འགོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་སྟེ། 《མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་གཏོད་རྒྱུའི་སྤྱི་ཡོངས་ཀྱི་ལག་བསྟར་ཇུས་གཞི(ཚོད་ལྟའི་ལག་བསྟར)》ཞིབ་འཇུག་བྱས་ནས་བཏོན་པ་དང་། མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་གཏོད་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་བཙུགས་པ། གྲོང་ཁྱེར་དང་། རྫོང(ཆུས)ཤང(གྲོང་རྡལ)གྲོང་ཚོ(གྲོང་ལྷན)དགོན་སྡེ་དོ་དམ་ཨུ་ལྷན་བཅས་མཉམ་འགུལ་གྱི་མི་རིགས་མཐུན་སྒྲིལ་གྱི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ་རེད།
ཞིབ་ཕྲའི་ལས་དོན་སྤེལ་རིང་། ཆབ་མདོ་གྲོང་ཁྱེར་གྱིས་མི་རིགས་ཅུང་ཉུང་བའི(སྨར་ཁམས་རྫོང་འཇང་མི་རིགས་ཤང)2017ལོ་འཁོར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྟག་ཞིབ་སྙན་ཞུ་དུས་བཀག་ལྟར་ལེགས་སྒྲུབ་བྱས་པ་དང་། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྒེར་གྱི་གཟི་བརྗིད་མཚན་སྙན་སྤྲོད་པའི་མཐིལ་རྟོགས་ལས་དོན་དང་དེ་བཞིན་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་དཔེ་མཚོན་འོས་སྦྱོར་གྱི་ལས་དོན་བསྒྲུབས་པ། ཁག་དྲུག་པའི་རྫོང་རིམ་པ་དང་དེ་བཞིན་དེ་མན་གྱི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་གཏོད་ཀྱི་དཔེ་སྟོན་ཁུལ(ཚན་པ)གྱི་འོས་སྦྱོར་ལས་དོན་སོགས་བསྒྲུབས་པ་རེད།
རྩ་སྲ་རྨང་བརྟན་ཡོང་ཆེད་ཆབ་མདོ་གྲོང་ཁྱེར་གྱིས་གཙོ་གནད་གཤམ་འོག་ལ་ཕྱོགས་རྒྱུ་མཐའ་འཁྱོངས་བྱས་ཏེ་མི་རིགས་ཁག་གི་ལས་བྱེད་པ་དང་ཤེས་ལྡན་པ་སྐྱེད་སྲིང་དང་བེད་སྤྱོད་ཤུགས་ཆེན་བྱ་རྒྱུ་དེ་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་སྲུང་སྐྱོང་གི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཤིང་། ལོ་5ཡི་རིང་ཆབ་མདོ་གྲོང་ཁྱེར་གྱིས་ཁྱོན་རྫོང(ཆུས་11)གི་གཞི་རིམ་གྱི་མི་རིགས་ལས་དོན་གྱི་ལས་བྱེད་པ་ཁག་ཐེངས་གཉིས་ཀྱི་མི་གྲངས་90ལྷག་ཙམ་སྒྲིག་འཛུགས་བྱས་ནས་ཁྲུང་ཆིང་གྲོང་ཁྱེར་མི་རིགས་ཆོས་དོན་ཨུ་ལྷན་དུ་སྤེལ་རེས་གསོ་སྦྱོང་ལ་བཏང་བ་རེད། མིག་སྔའི་བར་གྲོང་ཁྱེར་དེ་ཡོངས་སུ་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་ཁྲི་2ལྷག་ཙམ་ཟིན་པ་ལས་ལས་བྱེད་པའི་སྤྱི་འབོར་གྱི་73.49%བཟུང་ཡོད།
གཞི་རྟེན་ཕུན་སུམ་ཚོགས་སུ་བཏང་ནས་མཁས་བརྒྱ་འགྲན་གླེང་གི་རྣམ་པ་འཁྲུག་ཆ་དོད་དུ་བཏང་བ།
ཆབ་མདོ་གྲོང་ཁྱེར་གྱི་ཡངས་ཤིང་རྒྱ་ཆེ་ལ་གཙང་སྦྲ་དོད་པའི་གཞུང་ལམ་ཐོག་སྐྱོད་སྐབས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་གྱི་་དྲིལ་བསྒྲགས་སྒྲོམ་དང་བརྡ་ཆའི་བྱང་བུ་གང་སར་མཐོང་རྒྱུ་ཡོད། ལས་བྱེད་མང་ཚོགས་ཀྱིས་ཆབ་མདོ་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་གཏོད་འདེམས་སྐད་འཕྲིན་གྱི་སྤྱི་རྟགས་བརྒྱུད་མི་རིགས་ཀྱི་ཆོས་ལུགས་སྲིད་ཇུས་དང་མི་རིགས་མཐུན་སྒྲིལ་གྱི་ཁྱད་ལྡན་གསར་གཏོད་ཐད་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་ཐུབ་ཀྱི་ཡོད།
མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་མི་ཚང་མའི་སེམས་སུ་ཟུག་པར་བྱ་ཆེད། དྲིལ་བསྒྲགས་ལས་དོན་གྱི་གཞི་རྟེན་གསར་གཏོད་བྱེད་པ་ཕུད་ཆབ་མདོ་གྲོང་ཁྱེར་གྱིས་ད་དུང“གཅིག་རེ་གསུམ”ལ་དམིགས་ཏེ་མི་རིགས་ཁག་དབར་གྱི་འགྲོ་འོང་སྤེལ་རེས་མཉམ་འདྲེས་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ཡོད།
“སློབ་གསོ་གཅིག”ལ་དམིགས་པ། དུས་ཆེན་གལ་ཆེན་གྱི་མཚམས་ཚིགས་གོ་སྐབས་སུ་བྱས་ཏེ་སྤྱི་ཚོགས་ཡོངས་སུ“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་ཆབ་མདོ་འཛུགས་སྐྲུན་བྱེད་དགོས”པའི་དྲིལ་བསྒྲགས་སློབ་གསོའི་ལས་དོན་སྤེལ་ཡོད།
“སྲོལ་གཏོད་གཅིག”ལ་དམིགས་པ། ལོ་ལྟར་དུས་བཀག་བཞིན་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་བྱེད་སྒོ་སྤེལ་བ་དང་མི་ཚང་མས་མི་རིགས་མཐུན་སྒྲིལ་ལ་ལེགས་སྐྱེས་འབུལ་བའི་སྟོན་ཕྱོགས་ཡག་པོ་ཞིག་བཙུགས་ཡོད།
“སྐུལ་ཁྲིད་གཅིག”ལ་དམིགས་པ། རྒྱ་ཆེའི་ལས་བྱེད་མང་ཚོགས་ཁྲོད“བོད་སྐད་སྦྱོང་བ་དང་། བོད་ཟས་ཟ་བ། དུས་ཆེན་གླེང་བ། ཕན་ཚུན་འཚམས་འདྲི་བྱེད་པ། བརྩེ་དུང་ཟབ་ཏུ་གཏོང་བ”སོགས་ཀྱི་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་བ་རེད།
མི་སེམས་གཅིག་ཏུ་བསྒྲིལ་ནས་མཐུན་སྒྲིལ་གྱི་ལྗོན་ཤིང་ལ་གཡུར་ཟའི་འབྲས་བཟང་སྨིན་པར་བྱས་པ།
ཆབ་མདོ་གྲོང་ཁྱེར་གྱི་གོང་འོག་ཚང་མའི་ཐུན་མོང་འབད་བརྩོན་འོག་མི་རིགས་ཁག་གི་གཅེན་གཅུང་མིང་སྲིང་བརྩེ་བ་ཟབ་ལ་ཁྱིམ་ཚང་གཅིག་ལྟར་འཆམ་མཐུན་ཡོད་པ་གནས་ཚུལ་ཆུང་ཙག་ནས་མཐོང་རྒྱུ་ཡོད།
སྨར་ཁམས་རྫོང་འཇང་མི་རིགས་ཤང་དུ་མི་རིགས་ཟུང་འབྲེལ་གྱི་ཁྱིམ་ཚང་མང་པོ་ཡོད་པ་དང་ཚང་མ་བརྩེ་དུང་ཟབ་ལ་ཁྱིམ་ཚང་གཅིག་ལྟར་འཆམ་ཞིང་། ཚྭ་ཁ་ལྷོའི་སློབ་འབྲིང་དུ་མཉམ་དུ་སློབ་སྦྱོང་དང་འཚོ་བར་རོལ་བའི་བོད་རིགས་དང་། རྒྱ་རིགས། འཇང་རིགས་བཅས་ཀྱི་དགེ་སློབ་ཚོ་ཞི་མཐུན་མཉམ་གནས་དང་མཐུན་སྒྲིལ་མཛའ་གྲོགས་ལྡན་པས་སྔ་ས་ནས་མི་རིགས་ཀྱི་དབྱེ་བ་མེད།
ལོ་5ཡི་རིང་ཆབ་མདོ་གྲོང་ཁྱེར་གྱིས་རྒྱལ་ཁབ་རིམ་པའི་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མཉམ་སྡེབ་3དང་མི་སྒེར་4འོས་སྦྱོར་དང་གཟེངས་བསྟོད་བྱས་པ་དང་། རང་སྐྱོང་ལྗོངས་རིམ་པའི་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མཉམ་སྡེབ་63དང་མི་སྒེར་96འོས་སྦྱོར་བྱས་པ། གྲོང་ཁྱེར་དང་རྫོང(ཆུས)རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་752དང་མི་སྒེར་955འོས་སྦྱོར་དང་། དཔྱད་འདེམས། གཟེངས་བསྟོད་བཅས་བྱས་པ་རེད།
ད་ཆ་ཆབ་མདོ་གྲོང་ཁྱེར་དུ་འཚོ་བ་སྐྱེལ་བཞིན་ཡོད་པའི་མི་རིགས་36གིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་དར་རྒྱས་གོང་འཕེལ་ཡོང་བར་བྱེད་བཞིན་ཡོད་ལ། ཚང་མས་ལག་གདང་དཔུང་སྦྲེལ་དང་སེམས་ནུས་གཅིག་སྒྲིལ་གྱིས་དེ་བས་བདེ་སྐྱིད་ལྡན་པ་དང་དེ་བས་ཞི་མཐུན་གྱི་མ་འོངས་པའི་ཕྱོགས་སུ་སྐྱོད་བཞིན་ཡོད།