ཟླ་11ཚེས་18ཉིན་གྱི་སྔ་དྲོ། བོད་ལྗོངས་ལྷུན་གྲུབ་རྫོང་མཁར་རྩེ་ཤང་མཁར་རྩེ་གྲོང་གསར་དུ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཁྲུང་ཁྲུང་མཇིང་ནག་ཁྱུ་དང་ཁྱུ་བྱས་ཏེ་རྨོས་བརྒྱབ་མ་ཐག་པའི་ནས་ཞིང་དུ་ཟས་འཚོལ་བར་སླེབས། ཡུལ་དེར་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་སྐོར་སྐྱོད་སྲུང་སྐྱོབ་པ་བྱས་ནས་ལོ་12སོང་བའི་དོན་གྲུབ་ཚེ་རིང་གིས། “འདི་ལོ་དགུན་སྒྲོལ་བྱེད་པར་ཡོང་བའི་ཁྲུང་ཁྲུང་མཇིང་ནག་གི་གྲངས་འབོར་མང་དུ་ཕྱིན་འདུག རྫོང་ནགས་ལས་ཅུས་ནས་ཀྱང་དུས་བྱར་སྟེར་རྒྱུའི་འབྲུ་རིགས་སྲུང་སྐྱོབ་དང་མི་རེར་སྤྱི་རྒྱ་500མང་བ་སྤྲད་བྱུང”ཞེས་བཤད།
ངོ་སྤྲོད་བྱས་པར་གཞིགས་ན། ལྷུན་གྲུབ་རྫོང་ཁོངས་ཀྱི་འཕན་པོ་ཆུ་བོའི་ལུང་གཞུང་ས་ཁོངས་དང་མཚོ་སྟོད་ལུང་གཞུང་རྒྱུད་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཁྲུང་ཁྲུང་མཇིང་ནག་འཚོ་སྡོད་བྱ་ཡུལ་གཙོ་བོའི་གྲས་ཤིག་ཡིན་པ་དང་། དེར་ལོ་ལྟར་དགུན་སྒྲོལ་ལ་ཡོང་མཁན་ཁྲུང་ཁྲུང་མཇིང་ནག་གི་གྲངས་འབོར་1700ཙམ་ཟིན་གྱི་ཡོད། འདི་ལོ་སྔོན་དཔག་བྱས་ན་2000ལྷག་ཙམ་ཟིན་རྒྱུ་ཡིན་པ་དང། དགུན་དུས་ཟས་རིགས་ཉུང་བའི་ཁར་འདམ་ར་མང་པོ་ཞིག་ལ་དར་ཆགས་པས་དུས་བྱ་མང་དུ་འགྲོ་སྐབས་ཟས་འཚོལ་ཁག་པོ་ཡོད། དེར་བརྟེན་ལྷུན་གྲུབ་རྫོང་ནགས་ལས་ཅུས་ཀྱིས་ཁྲུང་ཁྲུང་མཇིང་ནག་འཚོ་སྡོད་སྲུང་སྐྱོང་ཁུལ་དུ་ལྟོ་སྟེར་ས་མང་པོ་ཞིག་བཀོད་སྒྲིག་བྱས་ཁར། གནམ་གཤིས་དང་དུས་བྱའི་འགུལ་སྐྱོད་གནས་ཚུལ་ལ་གཞིགས་ཏེ་གྲོ་དང་མ་རྨོས་ལོ་ཏོག་སོགས་ཀྱི་འབྲུ་རིགས་སྟེར་ནས་ཡར་ཀླུང་གཙང་པོའི་དབུས་རྒྱུད་དང་སྨད་རྒྱུད་ས་ཁུལ་དུ་དགུན་སྒྲོལ་བྱེད་པའི་བདག་ཏུ་མ་བཟུང་བའི་འདབ་ཆགས་དག་དགུན་སྒྲོལ་ཡག་པོ་ཐུབ་པའི་འགན་ལེན་བྱས་པ་རེད།
གནམ་གཤིས་དྲོ་རུ་ཕྱིན་པ་དང་སྲུང་སྐྱོབ་ནུས་ལྡན་བྱས་པས་ལྷུན་གྲུབ་རྫོང་སྟག་མགོ་ཆུ་མཛོད་དང་མཁར་རྩེ་ཆུ་མཛོད་ཉེ་འགྲམ་དུ་དུས་བྱའི་རིགས་དང་ཁྱུ་ཚོགས་མང་དུ་ངེས་ཅན་ཕྱིན་ཡོད། ཁྲུང་ཁྲུང་མཇིང་ནག་དང་། ཁྲུང་ཁྲུང་མགོ་ཁྲ ངང་སེར་སོགས་རྒྱུན་མཐོང་གི་ས་མཐོའི་དགུན་སྒྲོལ་དུས་བྱ་ཕུད་གསར་འགོད་པར་མཁར་རྩེ་ཆུ་མཛོད་ཉེ་འགྲམ་གྱི་འདམ་ར་མང་པོ་ཞིག་ནས་རང་རྒྱལ་གྱི་ལྷོ་ཕྱོགས་ཞིང་ཆེན་དུ་དགུན་སྒྲོལ་བྱེད་པའི་ངང་ནག་ཀྱང་མཐོང་བྱུང་།