དབུ་ཤོག>གསར་འགྱུར།
  • བོད་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-11-16

    བྱ་གཞག་ཁག་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པའི་ནམ་དུས་སུ། 2018ལོའི་བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་ཤིང་། ཚོགས་ཆེན་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱེད་པ་དང་། མི་རིགས་ལས་དོན་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། དུས་རབས་གསར་པའི་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་མུ་མཐུད་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་མགྱོགས་མྱུར་སྐྲུན་ཆེད་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཡོད། ཚོགས་འདུའི་ཐོག་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་མཉམ་སྡེབ་དང་དཔེ་བཟང་མི་སྒེར་ལ་གཟེངས་བསྟོད་གཟབ་རྒྱས་བྱས་པ་དང་། དུས་བབ་གསར་པའི་འོག་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ཐོབ་པའི་གྲུབ་འབྲས་ལ་ཕྱོགས་སྡོམ་ནན་ཏན་བྱས་པ། དུས་བབ་གསར་པའི་འོག་གི་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ལས་དོན་གྱི་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ་མ་ཟད། ད་དུང་ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་རྒྱུའི་སྐུལ་སློང་དང་བཀོད་སྒྲིག་ཡང་བསྐྱར་བྱས་ཡོད། ང་ཚོས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་ངང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

    ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་སྐབས་རིམ་བྱུང་གི་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཚན་ཁག་གིས་བཏིང་པའི་རྨང་གཞི་ཡག་པོའི་ཐོག་ལྗོངས་ཏང་ཨུད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། མི་རིགས་ལས་དོན་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི་མཛུབ་སྟོན་གལ་ཆེན། ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མང་ཚོགས་ལ་སྤྲིངས་པའི་འཕྲིན་ལན་དང་དེ་བཞིན་བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་60འཁོར་བར་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་བཀོད་སྒྲིག་ལ་གཞིགས་པ། རང་ལྗོངས་ནི་དམིགས་བསལ་གྱི་མཐའ་མཚམས་མི་རིགས་ས་ཁུལ་ཞིག་ཡིན་པའི་གཞི་རྩའི་ལྗོངས་བབ་འདི་སྔ་ཕྱི་བར་གསུམ་དུ་བློ་ལ་བརྟན་པོར་ངེས་པ། མི་རིགས་མཐུན་སྒྲིལ་དང་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་རྒྱུ་དེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཁེ་ཕན་ཆེ་ཤོས་ལ་བརྩི་རྒྱུ་སྔ་བར་ཕྱི་གསུམ་དུ་མཐའ་འཁྱོངས། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔ་ཕྱི་བར་གསུམ་དུ་ཟབ་ཏུ་གཏོང་བ། མི་རིགས་མཐུན་སྒྲིལ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུ་ཡིན་པ་སྔ་ཕྱི་བར་གསུམ་དུ་མཐའ་འཁྱོངས། ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་བྱེད་པའི་བརྗོད་དོན་གཙོ་བོར་སྔ་ཕྱི་བར་གསུམ་དུ་དམ་པོར་དམིགས་པ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱི་གཞི་རྩའི་ཆབ་སྲིད་ཀྱི་ལམ་ལུགས་འདི་སྔ་ཕྱི་བར་གསུམ་དུ་མཐའ་འཁྱོངས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་པས། ལྗོངས་ཡོངས་སུ་མི་རིགས་ཁག་སྤུན་ཉེ་ལྟར་འཆམ་མཐུན་དང་། ཕན་ཚུན་ལྟ་སྐྱོང་། མཛའ་མཐུན་མཉམ་གནས། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཐོན་ཡོད།

    མི་རིགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱད་པ་དང་མི་རིགས་ཀྱི་ལས་དོན་ལེགས་པར་བསྒྲུབ་རྒྱུ་ནི་མེས་རྒྱལ་གཅིག་གྱུར་དང་མཐའ་མཚམས་སྲ་བརྟན་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་དང་། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག རྒྱལ་ཁབ་ཡུན་རིང་བདེ་འཁོད་དང་ཀྲུང་ཧྭ་མི་རིགས་དར་རྒྱས་གོང་འཕེལ་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་བཅས་རེད། དེས་ན། ང་ཚོས་ངེས་པར་དུ“སྲུང་སྐྱོང་གཉིས”ཐུབ་པར་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་འཐབ་ཇུས་ཀྱི་རང་བཞིན་དང་། རྨང་གཞིའི་རང་བཞིན། ཕུགས་ཕན་གྱི་རང་བཞིན་བཅས་ཀྱི་ལས་དོན་ལ་བརྩིས་ཏེ། རང་རེའི་ཏང་དང་རང་རེའི་ཏང་གིས་འགོ་ཁྲིད་གནང་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་ལ་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་མོས་སེམས་ཐོབ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཀྲུང་ཧྭ་མི་རིགས་ཀྱི་འདུ་ཤེས་བཅས་སྐྱེད་སྲིང་དང་ཟབ་ཏུ་གཏོང་དགོས། ཆབ་སྲིད་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ། ཆབ་སྲིད་ཐོག་ནས་མི་རིགས་ཀྱི་འབྲེལ་བ་སྟངས་འཛིན་དང་མི་རིགས་ཀྱི་གནད་དོན་ལ་ལྟ་སྟངས་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་བོད་ཀྱི་ལས་དོན་མཐའ་དག་མི་རིགས་ལས་དོན་དང་འབྲེལ་བ་དམ་ཟབ་ཡོད་པ་ངོས་འཛིན་གཏིང་ཟབ་ཐུབ་པ་བྱེད་དགོས། མི་རིགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་རྒྱུ་དེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་། མེས་རྒྱལ་གཅིག་གྱུར། མཐའ་མཚམས་སྲ་བརྟན་བཅས་དང་འབྲེལ་བ་ཡོད་པ་དང་སྒྱུར་འཕེལ་བརྟན་གསུམ་གྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་པས་ང་ཚོས་ངེས་པར་དུ་ཆབ་སྲིད་ཀྱི་འགན་འཁྲི་ནན་གྱིས་ཁུར་ཏེ། མི་རིགས་ཀྱི་ལས་དོན་ལེགས་པར་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་གཏོང་དགོས། སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ་རང་རྟོགས་ངང་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས། མི་རིགས་མཐུན་སྒྲིལ་གྱི་ལས་དོན་ལ་ངོས་འཛིན་ཐུབ་པ་དང་ལྟ་སྟངས་འཛིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་བྱེད་པ་དང་། དུས་རབས་གསར་པར་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་གཏོང་བའི་དགོས་མཁོ་ནས་འགོ་བརྩམས་ཏེ་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ལ་འཕྲད་པའི་དུས་བབ་དང་ལས་འགན་ལ་ཚན་རིག་དང་མཐུན་པའི་ངང་དབྱེ་ཞིབ་དང་ཁོང་དུ་ཆུད་པ་བྱས་ཏེ། སྒྱུར་བཅོས་དང་། འཕེལ་རྒྱས། བརྟན་ལྷིང་། སྣོད་བཅུད། ཏང་འཛུགས་སྐྱོང་བཅས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བའི་སྤྱི་ཡོངས་ཁྲོད་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས། སྲོག་ཤིང་གི་འདུ་ཤེས་ཟབ་ཏུ་གཏོང་དགོས་ཤིང་། སྤྱི་ཁྱབ་ཧྲུའུ་ཅིའི་སྲོག་ཤིང་གནས་བབ་ལ་སྲུང་སྐྱོང་བྱ་རྒྱུ་དེ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ཆེ་ཤོས་ལ་བརྩི་བ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཉེ་འགྲམ་དུ་བྱུང་བའི་འཕེལ་རྒྱས་གསར་པ་དང་། འགྱུར་ལྡོག་གསར་པ། འཚོ་བ་གསར་པ་བཅས་དྲིལ་བསྒྲགས་བྱ་རྒྱུ་མཐའ་འཁྱོངས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་བོད་དུ་གྲུབ་འབྲས་ཐོན་པའི་ངང་ལག་ལེན་བསྟར་བ་དྲིལ་བསྒྲགས་ཤུགས་ཆེན་བཅས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅིའི་སྲོག་ཤིང་གནས་བབ་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོའི་སེམས་ནང་རྩ་བ་བརྟན་པོ་ཚུགས་པར་བྱེད་དགོས། མིག་བལྟོས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་དགོས་ཤིང་། ཏང་ཀྲུང་དབྱང་ལ་མིག་ལྟོས་དང་། ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་ལ་མིག་ལྟོས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལ་མིག་ལྟོས། སྤྱི་ཁྱབ་ཧྲུའུ་ཅིར་མིག་ལྟོས་བཅས་བྱ་རྒྱུ་མཐའ་འཁྱོངས་བྱེད་པའི་ཐོག་བློ་རྩེ་གཅིག་སྒྲིམ་དང་བརྩེ་བ་ཟབ་མོས་མི་རིགས་མཐུན་སྒྲིལ་གྱི་ལས་དོན་སྣེ་ཁྲིད་དེ་ལེགས་པར་བསྒྲུབས་ནས་མི་རིགས་མཐུན་སྒྲིལ་གྱི་ཆེད་དུ་རྒྱུན་ཆད་མེད་པར་ལེགས་སྐྱེས་ཧུར་ཐག་འབུལ་དགོས།

    དུས་རབས་གསར་པའི་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། མི་སེམས་གཅིག་སྒྲིལ་ཡོང་བར་འབད་བརྩོན་བྱེད་པ་དང་། མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་རྒྱུན་སྲིང་ལྷོད་མེད་ངང་སྤེལ་ཏེ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་དང་ཀྲུང་ཧྭ་རིག་གནས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་དགོས། གཅིག་སྡུད་ཐོག་སློབ་སྦྱོང་དང་སློབ་གསོ་སྤེལ་རྒྱུར་དམ་འཛིན་ཡག་པོ་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་ནང་མཐུན་སྒྲིལ་དམ་ཟབ་ཐུབ་པར་བྱས་ཏེ། ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་ཆེད་ཐུན་མོང་ཐོག་འབད་འཐབ་བྱེད་དགོས།

    རང་ལྗོངས་སུ་མི་རིགས་མཐུན་སྒྲིལ་ལ་ཤུགས་རྐྱེན་ཐེབས་པའི་ཆེས་རྩ་བའི་རྒྱུ་རྐྱེན་ནི་ཏཱ་ལའི་རུ་ཚོགས་ཀྱིས་ངན་སྐུལ་དང་མགོ་སྐོར་སླུ་བྲིད་བྱེད་པ་དེ་རེད། མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བའི་ཕན་མེད་ཀྱི་རྒྱུ་རྐྱེན་རྩ་བ་ནས་གཅོད་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ལོག་སྤྱོད་ཀྱི་ངོ་བོར་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱེད་པ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཆབ་སྲིད་ཀྱི་དོགས་ཟོན་ནུས་པ་ཆེ་རུ་གཏོང་བ། ཏཱ་ལའི་རུ་ཚོགས་ཀྱི་ཁ་ཕྲལ་དང་། སིམ་འཛུལ། གཏོར་བཤིག་བཅས་ཀྱི་བྱེད་སྤྱོད་བཀག་འགོག་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་ཐུབ་པ་བྱེད་དགོས། བརྟན་ལྷིང་སྲུང་སྐྱོང་མཐའ་འཁྱོངས་བྱ་རྒྱུ་དེ་དུས་ཐོག་ཏུ་སྒྲུབ་དགོས་པའི་ལས་འགན་དང་འགན་འཁྲི་ཨང་དང་པོར་བརྩིས་ཏེ། སིམ་འཛུལ་དང་། རྩ་སློག གཏོར་བཤིག་བཅས་ཀྱི་བྱེད་སྤྱོད་དང་། གཏུམ་སྤྱོད་འཇིགས་སྐུལ་གྱི་བྱེད་སྤྱོད། མི་རིགས་ཁ་ཕྲལ་གྱི་བྱེད་སྤྱོད། ཆོས་ལུགས་ཐལ་སྐྱོད་ཀྱི་བྱེད་སྤྱོད་བཅས་ལ་འགོག་ཟོན་ནན་པོ་བྱེད་པ་དང་འབྲེལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་དགོས། དམངས་འཚོ་ཕྱོགས་སྟོན་དུ་འཛིན་རྒྱུ་འབུར་དུ་ཐོན་པར་བྱས་ཏེ་འཕེལ་རྒྱས་ལ་དམ་འཛིན་གྱིས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཆེ་མོའི་དངོས་པོའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། ཏང་གི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་གྱི་ལས་དོན་དེ་གནས་བབ་མངོན་གསལ་དོད་པོར་འཇོག་པ་དང་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཅུག་སྟེ། ཏང་སྲིད་འགོ་ཁྲིད་གཙོ་བོས་དམ་འཛིན་བྱེད་པ་དང་ལས་བགོས་འགན་ཁུར་འགོ་ཁྲིད་ཀྱིས་དམ་འཛིན་ཞིབ་ཕྲ་བྱས་ནས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱེད་དགོས། ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱིས་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་བཟུང་ནས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲང་བ། གནད་དོན་འཕྲད་སྐབས་མགོ་མི་རྨོངས་པ། འགག་རྩའི་དུས་སུ་ནུས་པ་ཐོན་པ་བཅས་ཀྱི་དམག་འཐབ་མཁར་རྫོང་བརྟན་པོ་ཞིག་བསྐྲུན་ཏེ་མང་ཚོགས་ཀྱི་སྣེ་ཁྲིད་ནས་ཐོན་སྐྱེད་འཕེལ་རྒྱས་དང་། དབུལ་སྒྲོལ་ཕྱུག་འགྱུར། བརྟན་ལྷིང་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་བྱེད་ཤུགས་ཆེར་གཏོང་། ཤེས་དཔལ་གྱི་སྲོལ་གསར་འཛུགས་གཏོད་བཅས་ཧུར་ཐག་བྱེད་དགོས། རིམ་ཁག་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ལས་དོན་སྡེ་ཚན་གྱིས་རང་ངོས་ཀྱི་ཆབ་སྲིད་ལས་སྒོའི་བྱང་ཚད་ཕྱོགས་ཡོངས་མཐོ་རུ་བཏང་སྟེ་དུས་རབས་གསར་པར་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འདོན་འོས་པའི་ནུས་པ་འདོན་སྤེལ་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་མི་རིགས་ཀྱི་ལས་དོན་ལེགས་པར་བསྒྲུབ་དགོས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་སློབ་སྦྱོང་ནན་ཏན་བྱས་ནས་ལས་ཀའི་བསམ་ཕྱོགས་གསར་གཏོད་དང་། ལས་ཀའི་བྱ་ཐབས་ལེགས་སུ་གཏོང་བ། རྙོག་འཛིང་ཆེ་བའི་གནད་དོན་ཐག་གཅོད་དང་། འགལ་ཟླ་དང་ཉེན་ཁ་སེལ་བ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་ནུས་པ་རྒྱུན་ཆེད་མེད་པར་ཆེ་རུ་གཏོང་བ། ལས་ཀའི་སྤྱོད་ཚུལ་ལེགས་སུ་ཏན་ཏིག་གཏོང་བ་བཅས་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་ལ་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།