མི་རིགས་མཐུན་སྒྲིལ་སློབ་གསོའི་དམིགས་ཡུལ་གཙོ་བོ་ནི་མི་རིགས་ཁག་གི་མང་ཚོགས་ཀྱིས་མི་རིགས་མཐུན་སྒྲིལ་གྱི་གལ་ཆེའི་རང་བཞིན་དང་། མི་རིགས་མཐུན་སྒྲིལ་ནི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ནང་དོན་གལ་ཆེན་ཡིན་ལུགས་རྟོགས་ཆེད་ཡིན་པས། དེ་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་རྨང་རྡོ་དང་སྔོན་འགྲོའི་ཆ་རྐྱེན་རེད།
“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་མཚམས་ཚིགས་གཉིས་པ་སྤེལ་འགོ་ཚུགས་ཚུན། གཞིས་རྩེ་གྲོང་ཁྱེར་གྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས“མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན་བྱེད་པའི”བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས་ནང་དོན་དང་། དཔེ་སྟོན། བྱེད་ཐབས་བཅས་གནད་འཁེལ་ཡོང་བ་བྱས་པས། “མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན་བྱེད་པའི”བསམ་བློའི་འདུ་ཤེས་མི་སེམས་སུ་ཟུག་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་ཏེ་རྒྱལ་གཅེས་རིང་ལུགས་ཀྱི་སྤྲོ་སྣང་ཆེས་ཆེར་འཕེལ་བ་རེད།
ལག་ལེན་བྱེད་སྒོར་སྔར་བས་དམིགས་ནས། ནུས་ཤུགས་ཡོད་རྒུས་ཕན་ནུས་ཐོན་ཐབས་བྱས་པ།
མི་རིགས་ཁག་གི་མང་ཚོགས་ཀྱིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་བྱེད་ཤུགས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་ཆེད། གཞིས་རྩེ་གྲོང་ཁྱེར་གྱིས་སྒྲོག་འགྲེལ་དང་ལག་ལེན་མཉམ་དུ་སྤེལ་བ་དང་རྟ་སྒ་ཆ་འགྲིག་ངང་སྤེལ་རྒྱུ་མཐའ་འཁྱོངས་བྱས་ཤིང་། མཚམས་ཚིགས་གཉིས་པའི“གཏན་འཁེལ་གྱི་བྱ་སྤྱོད་དོན་ཚན་བདུན”ལ་དམིགས་ནས་རྫོང་དང་ཆུས་ཁག་གི་ཁོངས་གཏོགས་ཀྱིས་ལག་ལེན་བྱེད་སྒོ་ཐེངས་4558སྤེལ་བར་མང་ཚོགས་མི་ཐེངས་ཁྲི་34.41ཞུགས་ནས་ཕན་འབྲས་བཟང་པོ་ཐོན་པ་རེད།
སློབ་གསོའི་ཁོངས་གཏོགས་ཀྱིས་སློབ་གྲྭ་འབྲིང་ཆུང་ཁག་ཏུ་རྒྱ་ཆེའི་གཞོན་ནུ་ལོ་ཆུང་སློབ་མ་སྒྲིག་འཛུགས་བྱས་ནས“ང་ཡི་མེས་རྒྱལ་གྱོང་པོ་བྱུང”ཞེས་པའི་བརྗོད་དོན་གཙོ་བོའི་གཏམ་བཤད་བྱེད་སྒོ་ཐེངས་221དང་། “ཏང་གཅེས་རྒྱལ་གཅེས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གཏོད་མཁན་དང་རྒྱུན་འཛིན་པ་བྱེད་པའི”བརྗོད་དོན་གཙོ་བོའི་འཛིན་ཚོགས་ཐེངས་934འཚོགས་ཏེ། རྒྱ་ཆེའི་གཞོན་ནུ་ལོ་ཆུང་སློབ་མས་ཉེ་འགྲམ་གྱི་དཔེ་མཚོན་བྱ་བ་དང་རང་གི་མཐོང་ཐོས་མྱོང་གསུམ་གླེང་བ་བརྒྱུད་མེས་རྒྱལ་དང་ཏང་ལ་བསྟོད་གླུ་ཕུལ་བ་རེད།
ཆོས་ལུགས་ཁོངས་གཏོགས་ཀྱིས་རྒྱ་ཆེའི་གྲྭ་བཙུན་སྒྲིག་འཛུགས་བྱས་ནས“ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བའི”རྩོམ་ཡིག་དཔྱད་འདེམས་ཀྱི་བྱེད་སྒོ་ཐེངས་138སྤེལ་བ་དང་། གྲྭ་བཙུན་6300ལྷག་གིས་རང་ཉིད་ཀྱི་མཐོང་ཐོས་མྱོང་གསུམ་གྱི་བྱ་བ་བརྗོད་དེ་དུས་རབས་གསར་པའི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་དང་། དགོན་སྡེའི་ནང་ཁུལ་གྱི་འཕོ་འགྱུར་སོགས་ཕྱོགས་མང་པོ་དང་གསོན་ཉམས་ལྡན་པའི་སྒོ་ནས་མངོན་པར་བྱས་པ་དང་། དགོན་སྡེའི་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱས་ཚུན་གྱི་ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། བདེ་སྐྱིད་འཆམ་མཐུན་བཅས་ཀྱི་བསམ་བློའི་ཉམས་འགྱུར་བཟང་པོ་མཚོན་པར་བྱས་པ་རེད།
དེ་དང་ཆབས་ཅིག་རྫོང་དང་ཆུས་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་བ་དང་ཚན་པས“རང་ཉིད་ནས་འགོ་བརྩམས་ཏེ་མི་རིགས་མཐུན་སྒྲིལ་བྱེད”ཅེས་པའི་གཏམ་བཤད་འགྲན་བསྡུར་གྱི་བྱེད་སྒོ་ཐེངས་1630སྤེལ་བ་རེད།
ཕན་འབྲས་སྔར་བས་དོན་གཉེར་གྱིས། གྲུབ་འབྲས་མིག་མཐོང་ལག་ཟིན་ཐུབ་པར་བྱས་པ།
གྲོང་ཁྱེར་ཡོངས་ཀྱིས“མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན”བྱ་རྒྱུའི་ཆེད་དོན་ལ་དམ་འཛིན་ནན་པོ་དང་། “ཏང་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་བྱེད་པའི”གཙོ་གནད་ལ་དམིཌ་པ་མ་ཟད། སྒྲོག་འགྲེལ་སློབ་གསོའི་བྱེད་སྒོ་སྣ་མང་ཕུན་སུམ་ཚོགས་པ་དང་ལག་ལེན་བྱེད་སྒོ་ཏན་ཏིག་ལ་བརྟེན་ནས་བདེ་འཇགས་ཞི་བདེ་དང་མི་རིགས་མཐུན་སྒྲིལ་ལ་བསྟོད་གླུ་ཕུལ་བ་རེད།
བསྡོམས་རྩིས་བྱས་པ་ལྟར་ན། མཚམས་ཚིགས་གཉིས་པའི་བྱེད་སྒོ་སྤེལ་ཚུན། གཞིས་རྩེ་གྲོང་ཁྱེར་གྱི་རིམ་པ་ཁག་དང་ཕྱོགས་ཁག་གིས་གྲོང་སྲོལ་དམངས་ཆིངས་ཁག་577དང་། སློབ་གྲྭའི་སྒྲིག་ལམ་དང་སློབ་མའི་བརྩི་བྱ་ཁག་143 དགོན་པའི་སྒྲིག་སྲོལ་དང་དགེ་འདུན་པའི་རྒྱུན་སྲོལ་112 ཁེ་ལས་ཀྱི་སྒྲིག་སྲོལ་ལམ་ལུགས་126བཅས་བཟོ་བཅོས་དང་འཐུས་ཚང་། གསར་སྣོན། རྩིས་མེད་དུ་གཏོང་བ་སོགས་བྱས་པ་རེད།