ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་16ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་པེ་ཅིང་ཞི་ཧོ་སྨན་ཁང་ནས་ཤེས་རྟོགས་བྱས་པར། སྨན་ཁང་དེས“ཚོགས་སྒྲིག་རྣམ་པའི”སྨན་བཅོས་བོད་སྐྱོར་གྱི་ལས་དོན་ལོ་3ལྷག་ཙམ་སྤེལ་ཚུན། ས་གནས་ལ་སྨན་བཅོས་དཔུང་ཁག་གསོ་སྐྱོང་བྱས་པ་དང་ཆབས་ཅིག་ད་དུང་དེང་རབས་སྨན་ཁང་གི་དོ་དམ་ལམ་ལུགས་བོད་རིགས་ས་ཁུལ་དུ་ཁྱབ་གདལ་བཏང་ནས་ས་གནས་ཀྱི་སྨན་བཅོས་ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་བ་རེད།
2015ལོ་ནས་བཟུང་། པེ་ཅིང་ཞི་ཧོ་སྨན་ཁང་གིས་སྣེ་ཁྲིད་ལག་བསྟར་དང་ཀྲུང་དབྱང་རྩ་འཛུགས་པུའུ་དང་། མི་སྤྱི་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་བཅས་ཀྱིས་སྒྲིག་འཛུགས་བྱས་པའི་སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་འགན་སྒྲུབ་རིང་། སྔ་རྗེས་སུ་ཁག་བཞི་ལ་ལས་སྒོའི་རྐང་འཛིན་པ་38བོད་དུ་བཏང་བ་རེད།
སྨན་བཅོས་ཞབས་ཞུའི་སྤུས་ཚད་དང་བདེ་འཇགས་ནི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་དང་ཐད་ཀར་འབྲེལ་བ་ཡོད་ལ། སྨན་ཁང་གི་ཚེ་སྲོག་ལྟ་བུ་རེད། གསར་འགོད་པས་པེ་ཅིང་ཞི་ཧོ་སྨན་ཁང་ནས་ཤེས་རྟོགས་བྱས་པར། བོད་ཀྱི་ལྗོངས་བབ་དང་ཟུང་འབྲེལ་བྱས་ཏེ་པེ་ཅིང་ཞི་ཧོ་སྨན་ཁང་གིས་གྲུབ་འབྲས་ཐོབ་པའི་སྒོ་ནས“ཞི་ཧོའི་ཚད་གཞི”དང“ཞི་ཧོའི་ཉམས་མྱོང”བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དུ་ཁྱབ་གདལ་བཏང་ཡོད། ཞི་ཧོ་དེང་རབས་སྨན་ཁང་གི་དོ་དམ་ལམ་ལུགས་རྩ་བར་བྱས་ཏེ《བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་སྒྲིག་ཡིག》བཟོས་ནས་སྨན་ཁང་གི་ཐབས་ཇུས་ལམ་སྲོལ་དང་དམངས་གཙོའི་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བ་རེད།
པེ་ཅིང་ཞི་ཧོ་སྨན་ཁང་གི་ཡོན་ཀྲང་ཀྲའོ་ཡུས་ཧྥེས་སྨན་དང་སྨན་བཅོས་སྒྱུར་བཅོས་ཀྱི་བྱེད་ཐབས་གསར་པའི་འགག་སྒྲོལ་དུས་མཚམས་སུ་སྨན་བཅོས་ཀྱི་ལག་རྩལ་གསར་ཤོས་དང་དོ་དམ་ལེགས་ཤོས་གཞི་རིམ་དུ་བརྒྱུད་བསྒྲགས་བྱས་ཏེ་གཞི་རིམ་སྨན་ཁང་གི་སྨན་བཅོས་འཇོན་ཐང་དང་དོ་དམ་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བཤད།
པེ་ཅིང་ཞི་ཧོ་སྨན་ཁང་གིས་ད་དུང་ས་གནས་ལ་ཚད་ལྡན་ཅན་གྱི་ནད་ཁང་བསྐྲུན་རོགས་བྱས་པ་དང་རྒྱང་ཁྲིད་སློབ་སྦྱོང་སྟེགས་བུ་བཙུགས་པ། ཉེན་ཁའི་གནས་ཚུལ་གོང་ཞུའི་ལམ་ལུགས་ཁྱབ་གདལ་བཏང་བ། གཞི་རིམ་དུ་བསྐྱོད་ནས་བརྟག་ཞིབ་དང་སྐོར་སྐྱོད་སྨན་བཅོས་བཅས་བྱས་ཏེ་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་རང་བརྟེན་འཇོན་ཐང་ཆེ་རུ་གཏོང་བ་ས་ཁོངས་རང་བཞིན་གྱི་སྨན་བཅོས་ལྟེ་གནས་ཀྱི་ཁྱབ་འགྱེད་སྣེ་ཁྲིད་ཀྱི་འཇོན་ཐང་ལ་བརྩིས་ཡོད། གཞན་ཡང་བོད་རང་སྐྱོང་ལྗོངས་སྦྲིད་སྨན་དང་གཤགས་བཅོས་ཁང་གི་སྤུས་ཚད་ཚོད་འཛིན་ལྟེ་གནས་དང་། བོད་རང་སྐྱོང་ལྗོངས་ནད་རྐྱེན་རྒྱང་ཁྲིད་སྨན་བཅོས་ལྟེ་གནས། བོད་རང་སྐྱོང་ལྗོངས་ནད་ཐོག་སྨན་བཅོས་ཞིབ་བཤེར་ལྟེ་གནས་སོགས་བསྟུད་མར་བཙུགས་པར་བརྟེན། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་ནད་ཐོག་སྨན་བཅོས་སྟེགས་བུའི་ཁོའོ་ཧྲི་རྒྱུན་ཆད་མེད་པར་སྟོབས་ཆེན་ཕྱིན་པ་མ་ཟད། ཕྱོགས་མང་གི་སྒོ་ནས་དོ་དམ་ལེགས་བཅོས་དང་སྨན་ཁང་གི་སྤུས་ཚད་ཀྱི་མ་ལག་བསྐྲུན་རྒྱུར་སྣེ་ཁྲིད་ཐུབ་པ་རེད།