དབུ་ཤོག>གསར་འགྱུར།
  • བོད་སྐྱོར་ལས་དོན་རུ་ཁག་གིས་སྤོ་བོ་རྫོང་གི་མང་ཚོགས་དབུལ་སྒྲོལ་ཡོང་རྒྱུར་རོགས་རམ་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2018-10-15

    འབྲས་ལྡན་དུས་སུ་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་དུ་གྲང་ངར་ཕྲན་བུ་སླེབས་ཀྱང་ཞིང་པ་བཀྲ་ཤིས་ཕུན་ཚོགས་ཀྱིས་ངལ་རྩོལ་བྱེད་མཚམས་བཞག་མེད། དྲོད་ཁང་ཆེ་མོར་སྡོང་ཕུང་དང་། ཤ་མོ་སྤྲེལ་མགོ ཀོ་ཤ་སོགས་སྐྱེ་དངོས་བཏབ་ནས་ལས་བྲེལ་ཧ་ཅང་ཆེན་པོ་ཡོད་པ་རེད།

    ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་ནི་བོད་རང་སྐྱོང་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དུ་གནས་པ་དང་། ཁམ་བུའི་མེ་ཏོག་ལ་བརྟེན་ནས་སྐད་གྲགས་ཆོད་ཡོད། ས་བབ་ཅུང་དམའ་བས་དེ་གར“བོད་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ”ཞེས་སུ་གྲགས། ཉེ་ཆར་བོད་རང་སྐྱོང་ལྗོངས་ཀྱིས་རྫོང་25དབུལ་ཞྭ་ཕུད་པའི་ཁྱབ་བསྒྲགས་བྱས་པའི་ནང་སྤོ་བོ་རྫོང་ཚུད་ཡོད།

    “བོད་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ”ཞེས་གྲགས་ཀྱང་རྫོང་དེའི་ཐོན་ལས་ཀྱི་ཞན་ཆ་མངོན་གསལ་དོད་པོ་ཡོད། ཡུལ་བབ་དང་བསྟུན་ནས་དབུལ་སྒྲོལ་ཕྱུག་འགྱུར་གང་འདྲ་བྱེད་དགོས་མིན་དེ་སྤོ་བོ་རྫོང་མང་ཚོགས་ཀྱི་ད་ལྟའི་དཀའ་གནད་ཅིག་ཏུ་གྱུར།

    “སྡོང་ཕུང་བཏབ་ཀྱང་ཕན་འབྲས་བརྟན་པོ་མེད”ཅེས་རང་ཉིད་ཀྱི་དྲོད་ཁང་ཆེ་མོའི་ནང་འདེབས་འཛུགས་བྱས་པའི་སྡོང་ཕུང་དང་ཀོ་ཤ་སོགས་བཏབ་པའི་ཉམས་མྱོང་ཤོད་སྐབས་ལོ་30ལ་སླེབས་མ་ཐག་པའི་བཀྲ་ཤིས་ཕུན་ཚོགས་ཀྱིས་མགོ་བོ་གཡུག་བཞིན་དེ་ལྟར་བཤད། 2015ལོར་བཀྲ་ཤིས་ཕུན་ཚོགས་ཀྱིས་སྤོ་བོ་རྫོང་ཆུ་མདོ་གྲོང་རྡལ་ལེ་ཁང་གྲོང་ཚོར་ཞིང་ལས་མཉམ་ལས་ཁང་བཙུགས། འོན་ཀྱང་སྐྱེ་འཚར་གྱི་དུས་འཁོར་རིང་བ་དང་། དྲོད་ཁང་ཆེ་མོ་བེད་སྤྱོད་བྱེད་ཚད་ཉུང་བ། ཚོང་ལམ་ཡག་པོ་མེད་པའི་ཁར་ཡོང་འབབ་བྱུང་མེད་སྟབས་གཡར་བའི་དངུལ་བུན་སྒོར་ཁྲི་70ཚང་མ་རྫོགས་གྲབས་ཡོད་པ་རེད།

    2016ལོའི་ལོ་མཇུག་ཏུ་ཀོང་ཏུང་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་ཁག་བརྒྱད་པས་ཚན་རྩལ་ཅུས་ཀྱི་ཆེད་ལས་ལག་རྩལ་པའི་སྣེ་ཁྲིད་དེ་ཁོང་ལ་མཛུབ་ཁྲིད་བྱེད་རོགས་བྱས་པས་སྡོང་ཕུང་དང་ཀོ་ཤ་སོགས་འདེབས་འཛུགས་ལེགས་གྲུབ་ཐུབ་ཚད་མཐོ་རུ་ཕྱིན་པ་དང་དུས་མཚུངས་ད་དུང་ཤ་མོ་སྤྲེལ་མགོ་སོགས་འདེབས་འཛུགས་བྱས་ཡོད།

    གསར་འགོད་པས་བཀྲ་ཤིས་ཕུན་ཚོགས་ཀྱི་དྲོད་ཁང་ཆེ་མོར་ཤ་མོ་ཐུམ་སྒྲིལ་བརྒྱབ་ནས་དྲོད་ཁང་གི་ཟུར་ཞིག་ཏུ་བཞག་པ་དང་ཤ་མོ་སྤྲེལ་མགོ་སྐྱེ་འཚར་ཡག་པོ་ཡོད་པ་མཐོང་བྱུང་། བཀྲ་ཤིས་ཕུན་ཚོགས་ཀྱིས་མཉམ་ལས་ཁང་ལ་ས་རྒྱ་ཁྱོན་མུའུ་4ཡོད་པ་ཚང་མར་དྲོད་ཁང་ཆེ་མོ་བརྒྱབ་ནས་འདེབས་འཛུགས་བྱེད་ཀྱི་ཡོད་པ་དང་། ད་དུང་ཉེ་འགྲམ་གྱི་ཞིང་པ་ལས་ཞུགས་ཐུབ་པ་དང་ཞིང་པ་མཉམ་ལས་ཁང་དུ་ལས་ཀ་བྱས་ཚེ་ཉིན་རེར་ཆ་སྙོམས་ཡོང་འབབ་སྒོར་150ཡས་མས་ཡོད་ཅེས་གསར་འགོད་པར་བཤད།

    ཁྲབ་རྨོག་གྲོང་རྡལ་གྱི་གྲོང་མི་སྐལ་བཟང་ནོར་བུས་སྣེ་ཁྲིད་ནས་བཙུགས་པའི“སྤོ་བོ་རྫོང་དགའ་ལུང་ལུང་ཤུར་གྱི་ནགས་ཁྲོད་ཐོན་ཁུངས་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང”དེ་སྡོང་ཕུང་འདེབས་འཛུགས་ལ་ཞུགས་པ་དང་དེར་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་8བསྡུས་པས་དུད་ཚང་དབུལ་པོར་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་1000ལྷག་ཙམ་བྱུང་ཡོད།

    “ཁྲོམ་རར་ཁས་ལེན་ཐོབ་པའི་ཐོན་ཟོག་ཡག་པོ་ཡོད་ཚེ་གཞི་ནས་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོན་སྲིད”ཅེས་ཀོང་ཏུང་ཞིང་ཆེན་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་དོན་རུ་ཁག་སྤོ་བོ་རྫོང་ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་སྤོ་བོ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལི་ཝུའེ་ཁྲེང་གིས་བཤད་པ་དང་། སྔོན་ཆད་ཁ་ཐོར་ཡིན་པའི་དྲོད་ཁང་ཆེ་མོའི་འདེབས་འཛུགས་ཀྱིས་སྤུས་རྟགས་གཏོད་ཧ་ཅང་དཀའ་བ་དང་རྟག་ཏུ་ཐོན་ཟོག་ཁ་ཤས་ཁྲོམ་རར་ཁས་ལེན་ཐོབ་མ་ཐག་རྗེས་མཐུད་ཐོན་ཟོག་ཐོན་སྐྱེད་རྗེས་མ་ཟིན་སྟབས་མཁོ་སྤྲོད་བྱེད་ཚད་མི་འདང་བ་དང་སྐམ་པོ་བཟོས་ནས་ཐུམ་སྒྲིལ་ཟིན་རྗེས་ཁྲོམ་རར་བྲིན་ཁ་རྒྱུག་པོ་མེད་པའི་གནས་ཚུལ་འཕྲད་ཀྱི་ཡོད།

    ཀོང་ཏུང་གི་བོད་སྐྱོར་ལས་བྱེད་པའི་རོགས་རམ་འོག་ས་གནས་དེ་གའི་ཞིང་དུད་དང་ཀོང་ཏུང་སྨན་རྫས་ཚོགས་པའི་དབར་གན་རྒྱ་བཞག་ནས“ཀུང་སི་དང་། རྟེན་གཞི། ཞིང་དུད”བཅས་ཟུང་དུ་འབྲེལ་བའི་ཐོན་སྐྱེད་དང་། མཁོ་སྤྲོད། བྲིན་ཚོང་བཅས་མགོ་མཇུག་གཙང་སྒྲིལ་གྱི་ཐོན་ལས་འཁོར་འབྲེལ་ཆགས་པ་དང་མཉམ་ལས་གྲོས་མཐུན་འཇོག་པ་དང་མ་གནས་འགན་ལེན་གྱི་རིན་གོང་ཐོག་ནས་ཉོ་སྒྲུབ་སོགས་བརྒྱུད་སྡོང་ཕུང་དང་བེ་ཤ་སོགས་ཐོན་ཟོག་ཕྱིར་ཚོང་གི་ཐབས་ལམ་བརྟན་པོ་ཡོང་བའི་འགན་ལེན་བྱས་པ་རེད།

    འདི་ལོའི་ཟླ་8པར་ལི་ཝུའེ་ཁྲེང་གི་རོགས་རམ་འོག་འགྲེམས་ཞུགས་ཚོང་པ་ཡིན་པའི་བཀྲ་ཤིས་ཕུན་ཚོགས་ཀྱིས་སྐབས་26པའི་ཀོང་ཀྲོའུ་དངོས་མང་སྟོན་ཚོགས་ལ་ཞུགས་ཤིང་། སྡོང་ཕུང་དང་ཀོ་ཤ་སོགས་ཐུམ་སྒྲིལ་ཁ་ཤས་འཁྱེར་ནས་ཁོང་གངས་ལྗོངས་ས་མཐོ་ནས་ཤར་ལྷོའི་མཚོ་རྒྱུད་དུ་འབྱོར། ཁེ་ལས་སུ་འཚམས་འདྲི་དང་། འདེབས་འཛུགས་ལག་རྩལ་སྦྱོང་བ། སྤོ་བོ་རྫོང་གི་ཞིང་ལས་ཐོན་ཟོག་ཁྱབ་གདལ་གཏོང་བ་སོགས་བྱས་པས་བཀྲ་ཤིས་ཕུན་ཚོགས་ཀྱི་ལྟ་རྒྱ་དང་ཐོས་རྒྱ་ཆེ་རུ་སོང་སྟེ་ཞིང་ལས་ལ་བརྟེན་ནས་ཕྱུག་འགྱུར་བྱེད་པའི་ཁོང་གི་ཆོད་སེམས་བརྟན་དུ་ཕྱིན་པ་རེད།

    གྲངས་གཞི་ལས་མངོན་པར། 2017ལོར་སྤོ་བོ་རྫོང་གིས་རི་སྐྱེས་སྡོང་ཕུང་སྨི་ངོས་གྲུ་ཁྲི་5ཚོད་འདེབས་བྱས་པར་ལོའི་ཐོན་འབབ་རྒྱ་མ་ཁྲི་20དང་འབབ་འཕར་སྒོར་ཁྲི་1000ལྷག་ཙམ་ཟིན་ཏེ་དུད་ཚང་དབུལ་པོ་30ལྷག་ཙམ་བརྟན་པོའི་ངང་དབུལ་སྒྲོལ་ཐུབ་པ་རེད། མིག་སྔར་སྤོ་བོ་རྫོང་གི་སྡོང་ཕུང་ཐོན་ལས་དེ་དག་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་71གི་མི་273ལ་ཁྱབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།