མང་ཚོགས་ཀྱི་སེམས་ཁོངས་སུ་ཟུག་པའི་བྱ་བ་དངོས་བསྒྲུབས་པ།
1994ལོའི་ཟླ་7པར་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་འཚོགས་ནས“ཡུག་བགོས་འགན་འཁུར་དང་། ཁ་གཏད་རོགས་སྐྱོར། དུས་བཀག་བརྗེ་རེས”བཅས་ཀྱི་ཁ་གཏད་རོགས་སྐྱོར་གྱི་བྱེད་ཕྱོགས་ཁ་གསལ་བཏོན་ནས་ཁ་གཏད་བོད་སྐྱོར་གྱི་ལས་དོན་དངོས་སུ་སྤེལ་འགོ་ཚུགས་པ་རེད།
ཁ་གཏད་བོད་སྐྱོར་བརྒྱུད་བོད་ཀྱི་སྤྱི་ཚོགས་ཀྱི་ཕྱོགས་ཁག་གི་གསོན་ཤུགས་མངོན་པ་དང་། རྣམ་པར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། ཁག་དང་པོའི་བོད་སྐྱོར་ལས་བྱེད་པ་བོད་དུ་ཡོང་ནས་ལོ་20ལྷག་ཙམ་སོང་རིང་རྒྱལ་ཡོངས་ཀྱི་བོད་སྐྱོར་ལས་བྱེད་པ་རིམ་རྩིས་བྱས་ན་ཁག་8དང་ཁྱོན་མི་གྲངས་7672ཀྱིས་བོད་དུ་ལས་དོན་སྤེལ་བར་ཡོང་ཡོད།
ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་འཚོགས་རྗེས་སློབ་གསོའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་དང་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་སྔ་རྗེས་སུ་སྤེལ་འགོ་ཚུགས་པ་རེད།
ས་མཐོར་ལས་ཀ་བྱེད་སྐབས་དཀོན་ཤོས་ནི་གསོ་རླུང་དང་རྩ་ཆེ་ཤོས་ནི་སྙིང་སྟོབས་རེད། བོད་སྐྱོར་ལས་བྱེད་པ་ཁག་རེ་རེས་གངས་ལྗོངས་ས་མཐོར་གཞི་ཚུགས་ནས་བོད་རིགས་སྤུན་ཟླ་ཚོ་དང་མཉམ་དུ་འཚོ་བ་སྐྱེལ་བ་དང་མཉམ་དུ་ལས་ཀ་བྱས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་ཤོས་དང་དེང་རབས་ཅན་གྱི་དོ་དམ་ཉམས་མྱོང་དང་། ལག་རྩལ། བློ་གྲོས་བཅས་དང་དེ་བཞིན་འཚོ་བ་སྐྱེལ་སྟངས་ཁྱབ་གདལ་བཏང་ནས“བློ་སྐྱོར”དང“རིག་སྐྱོར”བྱེད་རིང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་སེམས་ཁྲལ་དང་དཀའ་ངལ་སེལ་ཏེ་མང་ཚོགས་ཀྱི་སེམས་ཁོངས་སུ་ཟུག་པའི་བྱ་བ་དངོས་བསྒྲུབས་ཡོད་པ་རེད།
ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རྒྱབ་སྐྱོར།
ཁ་གཏད་བོད་སྐྱོར་ནི“ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རྒྱབ་སྐྱོར”གྱི་བོད་སྐྱོར་ལམ་ལུགས་ཀྱི་འཕེལ་འགྱུར་དང་བསྟུན་ནས་བྱུང་བ་ཞིག་རེད། བོད་དུ་ཁ་གཏད་རོགས་སྐྱོར་གྱི་ཐོག་མའི་འགོ་ཚུགས་དུས་ནི་1973ལོར་ཡིན་པ་དང་ཞིང་ཆེན་དང་གྲོང་ཁྱེར་བརྒྱད་ཀྱིས་བོད་ཀྱི་འཕྲོད་བསྟེན་བྱ་གཞག་ལ་ཁ་གཏད་རོགས་སྐྱོར་བྱས་པ་དང་། 1976ལོ་ནས་1979ལོ་བར་སྔ་རྗེས་སུ་སློབ་གསོ་དང་། ཞིང་འཕྲུལ། ལས་བྱེད་པའི་བོད་སྐྱོར་བཅས་ལ་ཁ་གཏད་རོགས་སྐྱོར་བྱས་ཡོད། དེ་རྗེས་བོད་དུ་ཁ་གཏད་རོགས་སྐྱོར་བྱ་རྒྱུ་དེ་རིམ་བཞིན་རྒྱུན་རྣམ་དུ་གྱུར་ཡོད་པ་རེད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྲིད་ཇུས་ཀྱི་རྣམ་པ་དང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་བྱ་ཐབས་དེས་བོད་སྐྱོར་ལས་དོན་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་བསམ་ཕྱོགས་གསར་པ་བཏོད་ཡོད་པ་རེད།
སྒྱུར་བཅོས་སྒོ་དབྱེ་བྱས་རྗེས། བོད་སྐྱོར་གྱི་བྱེད་པོ་དེ་ཀྲུང་དབྱང་གི་རོགས་སྐྱོར་གྱིས་གཙོ་བོ་དང་ས་གནས་གཞན་དག་གི་ཞིང་ཆེན་དང་གྲོང་ཁྱེར་གྱིས་ཕལ་པར་བྱས་ནས་བོད་སྐྱོར་རྣམ་གྲངས་དེ་གཙོ་བོ་ངོས་ལ་བརྟེན་ནས་ཁྱབ་པར་བྱེད་ཀྱི་ཡོད།
1994ལོར་འཚོགས་པའི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པའི་ཐོག་བཏོན་པའི་བོད་སྐྱོར་ཐབས་ཇུས་ནང་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་14ཡིས་བོད་ཀྱི་ས་ཁུལ་དང་གྲོང་ཁྱེར་7དང་རྫོང་44ལ་ཁ་གཏད་རོགས་སྐྱོར་བྱེད་ཀྱི་ཡོད་པ་རེད།
2001ལོར་འཚོགས་པའི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བཞི་པའི་ཐོག་བོད་སྐྱོར་གྱི་དུས་བཀག་ལོ་10རིང་དུ་བཏང་བ་དང་ཆབས་ཅིག་བོད་སྐྱོར་ལས་དོན་ལ་ཞུགས་མཁན་གཞུང་ཁོངས་ཁེ་ལས་འགའ་ཞིག་མང་དུ་བཏང་ནས་དེ་བྱིངས་རྫོང་29དང་མཚོ་གཉིས་དམིགས་བསལ་སྲིད་འཛིན་ཁུལ་ཚང་མ་ཁ་གཏད་རོགས་སྐྱོར་གྱི་ཁྱབ་ཁོངས་ཏུ་བཅུག་ཡོད་པ་རེད།
2010ལོར་འཚོགས་པའི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཐོག་བོད་སྐྱོར་དུས་བཀག་སླར་ཡང་ལོ་10ནས་2020ལོ་བར་རིང་དུ་བཏང་བ་དང་ཆབས་ཅིག བོད་སྐྱོར་མ་དངུལ་བརྟན་པོའི་ངང་འཕར་བའི་ལམ་སྲོལ་བཙུགས་ནས་2020ལོར་སླེབས་སྐབས་བོད་ལྗོངས་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་དམིགས་ཚད་མངོན་འགྱུར་ཐུབ་པའི་འགན་ལེན་བྱས་ཡོད་པ་རེད།
ལོ་20ལྷག་ཙམ་རིང་། ཁ་གཏད་བོད་སྐྱོར་ཐད་ལས་བྱེད་པའི་བོད་སྐྱོར་གྱིས་ལྟེ་བར་བྱེད་པ་དང་། རྣམ་གྲངས་བོད་སྐྱོར་གྱིས་གཞི་བརྟེན་དུ་བྱེད་པ། ཚན་རྩལ་བོད་སྐྱོར་དང་ཤེས་ལྡན་པ་དང་སློབ་གསོའི་བོད་སྐྱོར་གྱིས་ཕལ་པར་བྱེད་སྟངས་ཤིག་རིམ་བཞིན་ཆགས་ཡོད་པ་དང་། ཕྱོགས་མང་བ་དང་། རིམ་པ་མང་བ། ཁྱབ་ཁོངས་ཆེ་བ་བཅས་ཀྱི་བོད་སྐྱོར་གྱི་རྣམ་པ་ཞིག་ཆགས་ཡོད་པ་རེད། བོད་སྐྱོར་བྱེད་སྟངས་རིམ་འཇུག་གསར་བརྗེས་བྱས་པ་དེས་གཞི་ཁྱོན་ཅན་དང་། མ་ལག་ཅན། གནད་སྨིན་འཐུས་ཚང་ཅན་བཅས་ཀྱི་རོགས་སྐྱོར་ལས་དོན་གྱི་ཕན་འབྲས་ཆེན་པོའི་བདེན་དཔང་བྱས་ཡོད། སློབ་གསོའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་དང་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ནི་དེ་སྔོན་གྱི་བོད་སྐྱོར་ཉམས་མྱོང་ཕྱོགས་སྡོམ་བྱེད་པའི་རྨང་གཞིའི་ཐོག་བཏོན་པ་ཞིག་རེད།
བདེ་ཐང་མེད་ན་འབྱོར་འབྲིང་མེད།
དམངས་ཡོངས་བདེ་ཐང་མེད་ན་ཕྱོགས་ཡོངས་ནས་འབྱོར་འབྲིང་ཡོང་ཐབས་བྲལ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ལུས་སེམས་བདེ་ཐང་ལ་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་གི་ཡོད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་བོད་དུ་སྨན་པ་དཀོན་པ་དང་སྨན་རྫས་ཉུང་བའི“ཞྭ་མོ”གང་མགྱོགས་འབུད་ཐུབ་པ་བྱེད་དགོས་ཞེས་བཏོན་ཡོད།
ཀྲུང་དབྱང་གི་མཛུབ་སྟོན་དགོངས་དོན་ལ་གཞིགས་ནས་ཀྲུང་དབྱང་རྩ་འཛུགས་པུས་བོད་ཀྱི་ལས་དོན་གྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ཁོང་དུ་གཏིང་ཟབ་ཆུད་པ་དང་སྨན་བཅོས་འཕྲོད་བསྟེན་གྱི་བོད་སྐྱོར་ལས་དོན་གྱི་ཉམས་མྱོང་ལ་ཕྱོགས་སྡོམ་ནན་ཏན་བྱེད་པའི་རྨང་གཞིའི་ཐོག སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་གྱི་གསར་གཏོད་གལ་ཆེན་གྱི་བསམ་ཕྱོགས་བཏོན་ཏེ་དེ་ཉིད“རྩ་འཛུགས་པུའུ་ཀྲང་གི་འདུ་འགོད”ཅིག་ལ་བརྩིས་ནས་དམ་འཛིན་མཐར་ཕྱིན་པ་བྱས་ཡོད།
2015ལོའི་ཟླ་6པར་པེ་ཅིང་ཞེ་ཧོ་སྨན་ཁང་དང་། པེ་ཅིང་སློབ་ཆེན་སྨན་ཁང་དང་པོ། པེ་ཅིང་སློབ་ཆེན་མི་དམངས་སྨན་ཁང་། པེ་ཅིང་སློབ་ཆེན་སྨན་ཁང་གསུམ་པ་བཅས་ཀྱིས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ལ་ཁ་གཏད་རོགས་སྐྱོར་བྱས་པ་དང་། པེ་ཅིང་དང་། ཧྲང་ཧའེ། ཨན་ཧུའེ། ཀོང་ཏུང་། ཁྲུང་ཆིང་། ལེའོ་ཉིང་། ཧྲའན་ཤིས་བཅས་ཞིང་ཆེན་དང་གྲོང་ཁྱེར་7གྱིས་ལྷ་ས་དང་། གཞིས་རྩེ། ལྷོ་ཁ། ཉིང་ཁྲི། ཆབ་མདོ། ནག་ཆུ། མངའ་རིས་བཅས་གྲོང་ཁྱེར་དང་ས་ཁུལ་7གྱི་མི་དམངས་སྨན་ཁང་ལ་ཁ་གཏད་རོགས་སྐྱོར་བྱས་ནས་2015ལོའི་ཟླ་8པའི་ཟླ་དཀྱིལ་དུ་ཁག་དང་པོའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་ཤེས་ལྡན་པ་143“1+7”སྨན་ཁང་དུ་ལས་དོན་སྤེལ་བར་སོ་སོར་སྐྱོད་ཡོད་པ་རེད།
ལོ་གསུམ་རིང་ས་གནས་དེ་གའི་སྨན་བཅོས་རྐང་འཛིན་པ་620གསོ་སྐྱོང་བྱས་པ་དང་། “1+7”སྨན་ཁང་གིས་སྨན་དོན་མི་སྣ་1121ནང་འདྲེན་བྱས་པ་དེས་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་མ་བྱས་གོང་གི་ལོ་20རིང་ཤེས་ལྡན་པ་ནང་འདྲེན་བྱས་པའི་བསྡོམས་འབོར་ལས་བརྒལ་ཡོད་པ་རེད།
ལོ་གསུམ་རིང་ནད་གཞི་ཚབས་ཆེན་གྱི་ལྟ་སྲུང་ཁང་དང་མཇུག་མཐུད་སྨན་བཅོས་ཁང་སོགས་ཁོའོ་ཧྲི་41གསར་སྐྲུན་བྱས་ནས་སྙིང་ཁམས་ཁྲག་རྩའི་ཁོག་ནད་ཚན་ཁག་དང་། མོ་ནད་བུ་བཙའི་ཚན་ཁག བྱིས་པའི་ཚན་ཁག་སོགས་བོད་ཀྱི་དགོས་མཁོ་དང་འཚམས་ལ་ས་མཐོའི་ཁྱད་ཆོས་དང་ལྡན་པའི་ཁོའོ་ཧྲི་རྩེ་གྲ་85བཏོད་པས་ནད་བརྟག་སྨན་བཅོས་དང་། སྐྱོབ་བཅོས། ན་ལུགས་ན་རྐྱེན། ཞིབ་བཤེར། བརྙན་ཕབ་སོགས་འཐུས་སྒོ་ཅུང་ཚང་བའི་ཁོའོ་ཧྲིའི་མ་ལག་རགས་ཙམ་ཆགས་ཡོད་པ་རེད།
ལོ་གསུམ་རིང་རིམ་པ་གསུམ་པ་དང་བཞི་པའི་གཤགས་བཅོས་ཐེངས་12000ལྷག་ཙམ་བྱས་ནས་ནད་གཞི་ལྕི་པོ་ཕོག་པའི་ནད་པ་མྱུར་སྐྱོབ་ཐུབ་ཚད་90.88%ཟིན་ཏེ་2014ལོ་ལས་21.52%མཐོ་རུ་ཕྱིན་པ་དང་། ཐུམ་འབུའི་ནད་ཀྱི་རིན་མེད་སྐྱོབ་བཅོས་ཀྱི་གཤགས་བཅོས་ཐེངས་3000ཙམ་བྱས་པ་དང་། ནད་གཞི་བསྟེན་ཚད་དང་། ནད་སྡོད་བྱེད་ཚད། གཤགས་བཅོས་བྱེད་ཚད་བཅས་2014ལོ་ལས་17.34%དང་། 62.59% 62.59%སོ་སོར་འཕར་ནས་ནད་པའི་བློ་ཡིད་འཚིམ་ཚད་2014ལོའི་89%ནས་97.15%བར་མཐོ་རུ་ཕྱིན་ཡོད་པ་རེད།
ལོ་གསུམ་རིང་ཕྲུ་གུ་དམར་འབྱར་འཆི་ཚད་དང་། སྦྲུམ་མ་འཆི་ཚད། སྦྲུམ་མས་སྨན་ཁང་དུ་ཕྲུ་གུ་བཙའ་ཚད་བཅས་ཀྱི་དམིགས་ཚད་གལ་ཆེན་གསུམ་2014ལོ་ལས་ཁག་སོ་སོར་6.43‰དང་ཁྲི་10∶6.86ཆག་པ་དང་། 8.47%མཐོ་རུ་ཕྱིན་ཡོད། ནད་ཆེན་རིགས་332རང་ལྗོངས་ཀྱིས་སྨན་བཅོས་ཐུབ་པ་དང་། ནད་གཞི་འབྲིང་གྲས་གྲོང་ཁྱེར་དང་ས་ཁུལ་ནས་སྨན་བཅོས་ཐུབ་པ་དང་། རྒྱུན་མཐོང་གི་ནད་གཞི་ཆུང་གྲས་འགའ་ཞིག་རྫོང་དང་ཆུས་ནས་དུས་ཐོག་ཏུ་སྨན་བཅོས་ཐུབ་ཀྱི་ཡོད་པ་རེད།
རྣམ་པར་འགྱུར་ལྡོག་གཏོང་བར་སློབ་གསོར་བརྟེན་དགོས།
2015ལོའི་ཟླ་8པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག“བོད་རིགས་ས་ཁུལ་གྱི་རྣམ་པར་འགྱུར་ལྡོག་གཏོང་བའི་རྩ་བ་དེ་སློབ་གསོར་ཐུག་ཡོད”པའི་ནན་བཤད་གནང་ཡོད། ལོ་དེའི་ཟླ་12པར་ཚོགས་སྒྲིག་རྣམ་པའི་སློབ་གསོའི་བོད་སྐྱོར་དངོས་སུ་སྤེལ་འགོ་ཚུགས་པ་རེད། 2016ལོའི་སྟོན་དུས་ཀྱི་སློབ་དུས་གསར་པ་འགོ་ཚུགས་མ་ཐག་པེ་ཅིང་དང་། ཧྲང་ཧའེ། ཧྲན་ཏུང་སོགས་ཞིང་ཆེན་དང་གྲོང་ཁྱེར་17གྱི་ཆེད་འགན་འཁུར་མཁན་དགེ་རྒན་དང་དོ་དམ་པ་800བོད་དུ་ཡོང་ནས་བོད་ཀྱི་སློབ་གྲྭ་འབྲིང་ཆུང་20རུ་སློབ་གསོའི་ལས་དོན་སྤེལ་བ་རེད།
ཧུའུ་ནན་གྱི་རྨང་གཞིའི་སློབ་གསོའི་སློབ་གཉེར་ཉམས་མྱོང་དཔྱད་གཞིར་གང་ལེགས་འཛིན་པ་དང་བསྡུ་ལེན་ནུས་ལྡན་བྱས་ནས་ལྷོ་ཁའི་མཐོ་རིམ་སློབ་འབྲིང་གསུམ་པའི་རྩེ་རིམ་ཇུས་འགོད་དང་། དགེ་རྒན་སྟོབས་ཤུགས། སློབ་དཔྱོད་སློབ་སྒྱུར་སོགས་ཐད་ཀྱི་དཀའ་གནད་ཕྱོགས་ཡོངས་ནས་ཐག་གཅོད་བྱ་ཆེད། ཧུའུ་ནན་བོད་སྐྱོར་དཔུང་ཁག་གིས་ཧུའུ་ནན་ཞིང་ཆེན་སློབ་གསོ་ཐིང་དང་རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་རྒྱབ་སྐྱོར་འོག་2016ལོའི་ཟླ་10པར“མཉམ་འབྲེལ་སློབ་གྲྭའི་རྣམ་པ”ཐོག་མར་བཏོད་དེ་ཐོན་ཁུངས་མཉམ་སྤྱོད་ཀྱིས་ལྟེ་བར་བྱེད་པ་དང་། “དྲ་སྦྲེལ་དང་སློབ་གསོ་ཟུང་དུ་འབྲེལ་རྒྱུས”འདེགས་སྐྱོར་བྱེད་པ། “མཉམ་འབྲེལ་སློབ་གྲྭའི་འཛིན་གྲྭས”སྣེ་འདྲེན་དུ་བྱས་ནས་ཧུའུ་ནན་ཞིང་ཆེན་གྱི་སྤུས་ལེགས་སློབ་གསོའི་ཐོན་ཁུངས་གང་ལེགས་སྤྱད་དེ་སྤུས་ལེགས་ཁྱད་ལྡན་གྱི་སློབ་གྲྭ་ཞིག་གཉེར་ཡོད་པ་རེད། 2016ལོའི་ཟླ་10པར་ཧུའུ་ནན་ཞིང་ཆེན་ཁྲང་ཧྲ་གྲོང་ཁྱེར་སློབ་འབྲིང་དང་པོའི་ལྷོ་ཁའི་མཉམ་འབྲེལ་སློབ་གྲྭ་དངོས་སུ་སྒོ་བྱང་བཀལ་བ་རེད།
ལྷ་སར་པེ་ཅིང་གྲོང་ཁྱེར་སྲིད་གཞུང་གིས་མ་དངུལ་སྒོར་དུང་ཕྱུར་2.2བཏང་སྟེ་ལྷ་སའི་པེ་ཅིང་ཚོད་ལྟའི་སློབ་འབྲིང་བསྐྲུན་པ་དང་། ཅང་སུའུ་ཞིང་ཆེན་སྲིད་གཞུང་གིས་མ་དངུལ་སྒོར་དུང་ཕྱུར་2.63བཏང་ནས་ལྷ་སའི་ཅང་སུའུ་ཚོད་ལྟའི་སློབ་འབྲིང་བསྐྲུན་པ། ལྷ་ས་ཚོད་ལྟའི་སློབ་ཆུང་ལ་སློབ་གསོ་པུའི་ཐད་གཏོགས་མཐོ་རིམ་སློབ་གྲྭའི་ཞོར་གཏོགས་སློབ་ཆུང་གིས་ཁ་གཏད་རོགས་སྐྱོར་བྱས་པ་དང་དགེ་རྒན་12ནི་པེ་ཅིང་སློབ་ཆེན་ཞོར་གཏོགས་སློབ་ཆུང་དང་། ཆིང་ཧྭ་ཞོར་གཏོགས་སློབ་ཆུང་སོགས་པུའུ་ཁོངས་གཏོགས་ཀྱི་མཐོ་སློབ་ཀྱི་ཞོར་གཏོགས་སློབ་ཆུང་10ལྷག་ཙམ་ནས་ཡོང་བ་ཞིག་རེད།
འགན་འཁུར་རྩོམ་སྒྲིག་པ། 索朗旺堆
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣