ཉེ་ཆར་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་རུ་2018ལོའི་ཞིང་ཆེན་ཡོངས་ཀྱི་ཐུམ་འབུའི་ནད་གཙོ་བོར་བྱེད་པའི་ནད་གཞི་དང་ཡུལ་ནད་ཚབས་ཆེན་འགོག་བཅོས་ལས་དོན་གྱི་ས་གནས་ས་ཐོག་གི་སྐུལ་འདེད་ཚོགས་འདུ་འཚོགས་པ་རེད།
གསར་འགོད་པར་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་ཞིང་ཆེན་གྱི་ཐུམ་འབུའི་ནད་འགོག་བཅོས་ཀྱི་འགག་སྒྲོལ་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་སྟེ། གཙོ་གནད་ས་ཁུལ་གྱི་དབྱེ་གསེད་བརྟག་དཔྱད་དང་སྨན་བཅོས་ལས་དོན་སྤྱིར་ན་ཁྱོན་ཡོངས་ལ་ཁྱབ་ཅིང་། མི་རེར་ཆ་སྙོམས་ནད་གཞི་ཕོག་ཚད་2012ལོའི་0.63%ནས་ད་ཆའི་0.3%བར་ཆག་པ་དང་། བྱི་རིམས་དང་། འདུས་འདྲིལ་གཅོང་ནད། ཨེ་ཙི་ནད། གཅོང་ནད། ལས་རིགས་ཀྱི་གནོད་འཚེའི་ལྟ་ཞིབ་ཚད་ལེན། སྔོན་འགོག་སྨན་ཁབ་རྒྱག་པ་སོགས་ཀྱི་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་བྱས་ཏེ་བྱི་རིམས་དང་འདུས་འདྲིལ་གཅོང་ནད་སོགས་ཀྱི་ནད་གཞི་ཚབས་ཆེན་འགོག་བཅོས་ལ་ཚད་བརྒལ་གསར་པ་བྱུང་ནས། ཞིང་ཆེན་ཡོངས་སུ་ལོ་དྲུག་བསྟུད་མ་དང་མཚོ་བོད་ལྕགས་ལམ་གྱི་རྒྱུད་དུ་ལོ་བཅུ་དྲུག་བསྟུད་མར་བྱི་རིམས་ཐོན་མེད་པ་དང་། ཨེ་ཙིའི་ནད་ཀྱང་ཁྱབ་ཚད་དམའ་བའི་ནང་མུ་མཐུད་ཚོད་འཛིན་ཐུབ་པ་རེད། འདུས་འདྲིལ་གཅོང་ནད་དང་གཅོང་ནད་འགོག་བཅོས་དང་ལས་རིགས་ཀྱི་འཕྲོད་བསྟེན་ལས་དོན་ལ་བརྟན་པོའི་ངང་སྐུལ་འདེད་བཏང་ཁར། ཡུལ་ནད་ཀྱི་གནོད་འཚེ་རྒྱུན་མཐུད་ངང་མེད་པར་བཟོ་བའི་ལས་ཀའི་ལམ་སྲོལ་བཙུགས་པ་དང་འཐུས་ཚང་དུ་བཏང་ནས་ཕྱོགས་བསྡུས་སྔོན་འགོག་དང་ཚོད་འཛིན་བྱས་ཏེ་ཡུལ་ནད་ཀྱི་གནོད་འཚེ་རིམ་པས་ཆུང་དུ་བཏང་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་གྱིས་ཐུམ་འབུའི་ནད་འགོག་བཅོས་ཀྱི་ལས་དོན་གཙོ་བོ་དེ་རིམ་པ་ཁག་གི་དམིགས་ཚད་འགན་འཁྲིའི་དཔྱད་ཞིབ་མ་ལག་ནང་བཅུག་པ་དང་འགོག་བཅོས་ཚོད་འཛིན་གྱི་འགྲོ་གྲོན་འགན་ལེན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཞིང་། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་འཆར་བཙའ་ཨུ་ལྷན་གྱིས་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ནོར་སྲིད་གཏོང་སྒོའི་ཆེད་དམིགས་མ་དངུལ་སྒོར་ཁྲི་4554བརྩོན་ལེན་དང་དོན་འཁྱོལ་བྱས་པ་དང་། ཞིང་འབྲོག་སྡེ་ཚན་གྱིས་ཕྱུགས་རིགས་ཀྱི་ཐུམ་འབུའི་ནད་འགོག་བཅོས་ཀྱི་ཆེད་དོན་འགྲོ་གྲོན་སྒོར་ཁྲི་3000བཀོད་སྒྲིག་བྱས་པ་རེད།
གྲོང་ཚོ་དང་། སྡེ་ཁུལ། སློབ་གྲྭ ལས་ཁུངས། དགོན་སྡེ། འབྲོག་དུད་བཅས་སུ་ངོ་འཕྲད་གདོང་ཐུག་ངང“12345”ཡི་ཐུམ་འབུའི་ནད་འགོག་བཅོས་དྲིལ་བསྒྲགས་སློབ་གསོ་ཐེངས་700ལྷག་སྤེལ་ཞིང་། ཞིང་ཆེན་ཡོངས་སུ་མི་ཐེངས་ཁྲི་466དབྱེ་གསེད་བརྟག་དཔྱད་བྱས་པ་དང་ཐུམ་འབུའི་ནད་པ་2342ལ་བརྟག་དཔྱད་ཐུབ་པའི་ནང་། ནད་པ་1392ལ་གཤགས་བཅོས་བྱས་པ་དང་། དེ་བྱིངས་རྣམས་ལ་རིན་པ་མི་དགོས་པར་སྨན་བཅོས་བྱས་པ་རེད།
དེ་དང་དུས་མཚུངས་མཚོ་སྔོན་གྱིས་ཐུམ་འབུའི་ནད་པ་ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུ་དང་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་དོ་དམ་ནང་བཅུག་ནས་ཐུམ་འབུའི་ནད་པ་དབུལ་པོར་སྨན་བཅོས་བྱེད་པའི་ཐབས་ཇུས་ལག་ལེན་བསྟར་བ་དང་། ཡིག་ཚགས་དང་གཱ་བཟོས་པའི་ཐུམ་འབུའི་ནད་པ་དབུལ་པོར་གནད་ལ་འཕིགས་པའི་ངང་སྨན་བཅོས་བྱས་པ་དང་ཐུན་འབུའི་ནད་པ་དཀྱུས་མར་སྤྱིར་ན་རིན་པ་མི་དགོས་པར་སྨན་བཅོས་ཀྱང་བྱས་ཡོད། ཞིང་ཆེན་རིམ་པའི་ནད་དཔྱད་ལྟེ་གནས་དང་། གྲོང་ཁྱེར(ཀྲོའུ)ནད་དཔྱད་རྟེན་གཞི། རྫོང(གྲོང་ཁྱེར་དང་ཆུས)ནད་དཔྱད་སྨན་བཅོས་ས་ཚིགས། ཤང(གྲོང་རྡལ)ནད་དཔྱད་དོ་དམ་ས་ཚིགས་བཅས་རིམ་པ་བཞིའི་ཐུམ་འབུའི་ནད་དཔྱད་ཀྱི་མཉམ་འབྲེལ་ལམ་སྲོལ་ནན་དུ་བཏང་ཁར། མཚོ་སྔོན་ཞིང་ཆེན་གྱིས“རྩེར་སོན་གསར་གཏོད་ཤེས་ལྡན་པ་སྟོང་གི་འཆར་གཞི”ལག་ལེན་བསྟར་ནས་ཐུམ་འབུའི་ནད་དཔྱད་རྨང་གཞི་དང་ནད་ཐོག་ཞིབ་འཇུག་ཁྱད་ཆོས་སུ་བྱས་པའི་རིག་ཚན་གྱི་ལས་སྟེགས་བཙུགས་ནས། ཞིང་ཆེན་རིམ་པའི་ཐུམ་འབུའི་ནད་སྔོན་འགོག་ཚོད་འཛིན་དང་ཞིབ་འཇུག་གསར་སྤེལ་གྱི་ཚོགས་པ་སྐྱེད་སྲིང་བྱས་ཡོད།
མཚོ་སྔོན་གྱིས་ནད་ཡམས་མཆེད་ཁུངས་ཀྱི་ཚོད་འཛིན་གཙོ་རྒོལ་གྱི་ཁ་ཕྱོགས་སུ་བརྩིས་ཏེ། “ཁྱི་ཚང་མར་སྨན་ཁབ་རྒྱག་པ་དང་ཟླ་བ་རེར་འབུ་གཙང་སེལ”བྱ་ཐབས་ལག་ལེན་བསྟར་ནས་ན་ཚའི་འགོ་ལམ་བཀག་པ་དང་། ཞིང་ཆེན་ནས་ཤང་བར་གྱི་རིམ་པ་བཞིའི་ཐུམ་འབུའི་ནད་དཔྱད་སྨན་བཅོས་ཀྱི་མ་ལག་འཐུས་སྒོ་ཚང་དུ་བཏང་བའི་ཁར། རྒྱང་ཁྲིད་ནད་དཔྱད་ཀྱི་མ་ལག་གང་ལེགས་སྤྱད་དེ་ཐུམ་འབུའི་ནད་སྤྱིར་བཏང་དག་འཕྲལ་མར་གཤགས་བཅོས་དང་རང་སར་སྨན་བཅོས་ཐུབ་པར་བྱས་ཏེ་དྲག་སྐྱེད་ཐུབ་ཚད་མཐོ་རུ་གཏོང་གང་ཐུབ་ཀྱིས་2020ལོར་སླེབས་སྐབས་ཞིང་ཆེན་ཡོངས་སུ་ཐུམ་འབུའི་ནད་མ་མཆེད་སྔོན་འགོག་སྤྱིར་ན་ཐུབ་པའི་དམིགས་ཚད་མངོན་འགྱུར་བྱ་རྒྱུ་ཡིན་ཞིང་། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཡུལ་ནད་འགོག་བཅོས་འཆར་གཞིའི་དུས་འབྲིང་ཚོད་སྐོར་བྱེད་རིང་ཐོན་པའི་གནད་དོན་དང་ཟུང་འབྲེལ་བྱས་ནས་ཡུལ་ནད་མཆེད་ཚུལ་ལ་བརྟག་དཔྱད་མཐིལ་རྟོགས་ཁར། བྱ་ཐབས་གནད་སྨིན་བཏོན་པ་དང་སྔོན་འགོག་གི་བྱེད་ཐབས་ནན་དུ་བཏང་ནས་ཆེད་དོན་འགོག་བཅོས་ཀྱི་བྱ་སྤྱོད་ཏན་ཏིག་སྤེལ་ཡོད། ཁོངས་གཏོགས་ཀྱི་འགན་འཁྲི་དང་སྡེ་ཚན་གྱི་འགན་འཁྲི་དོན་འཁྱོལ་བྱས་ནས་འགོ་ཁྲིད་གཙོ་བོས་དོ་ཁུར་དང་ཁག་བགོས་དོ་དམ་འགོ་ཁྲིད་ཀྱིས་སེམས་ནུས་བཏོན་ནས་གཙོ་གནད་ལ་དམ་འཛིན་གྱིས་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ་རེད།
ཚོགས་འདུའི་རིང་། ཚོགས་ཞུགས་འཐུས་མི་ཚོས“ཡུལ་ཤུལ་གྲོང་ཁྱེར་གྱི་མི་རིགས་སློབ་འབྲིང་གསུམ་པའི་སློབ་མའི་བདེ་ཐང་སློབ་གསོའི་ལས་དོན”དང་། “ཡུལ་ཤུལ་གྲོང་ཁྱེར་གྱི་འབྲོག་ལས་ཕྱུགས་རིགས་སྨན་པའི་ས་ཚིགས་ཀྱི་ཕྱུགས་རིགས་དབར་གྱི་ཐུམ་འབུའི་ནད་འགོག་བཅོས་ཀྱི་ལས་དོན” “ཡུལ་ཤུལ་གྲོང་ཁྱེར་གྱི་འཁྱམ་ཁྱི་བསྡུ་ཉར་ལྟེ་གནས་ཀྱི་ཁྱིའི་ལུས་ལ་འབུ་མེད་པར་བཟོ་བ་དང་། ཁྱི་སྐྱག་གནོད་མེད་གཙང་བཟོ་དང་ཁྱིར་གློག་རྡུལ་སྐེ་སྒོར་བཏགས་ནས་དོ་དམ་བྱེད་པ” “ཡུལ་ཤུལ་ཀྲོའུ་མི་དམངས་སྨན་ཁང་གི་ཐུམ་འབུའི་ནད་པར་ནད་དཔྱད་སྨན་བཅོས་དང་ལག་ཐོགས་ཁ་པར་གྱི་APPབཟོ་བ”སོགས་ཀྱི་ནང་དོན་ལ་ས་གནས་ས་ཐོག་ཏུ་ལྟ་སྦྱོང་ཡང་བྱས་པ་རེད།