དབུ་ཤོག>གསར་འགྱུར།
  • མཚོ་སྔོན་གྱིས་ལོ་ལྔའི་རིང་དབུལ་པོ་ཁྲི་90.7ཉུང་དུ་བཏང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2018-09-26

    ཤིན་ཧྭ་གསར་འགྱུར་ཁང་དུ་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། མཚོ་སྔོན་ཞིང་ཆེན་དབུལ་སྒྲོལ་འགག་སྒྲོལ་སྐུལ་སྤེལ་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་གསལ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། མཚོ་སྔོན་ཞིང་ཆེན་གྱིས་རིམ་རྩིས་བརྒྱབ་ན་དབུལ་པོ་ཁྲི་90.7ཉུང་དུ་བཏང་ཞིང་། དབུལ་པོ་ཐོན་ཚད་2012ལོའི་26.4%ནས་2017ལོའི་ལོ་མཇུག་གི་8.1%བར་ཆག་ནས་ཐེངས་དང་པོར་གཅིག་གནས་གྲངས་སུ་ཆག་པ་རེད།

    མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧྲེང་ཙུང་དབྱིས། རྒྱལ་ཡོངས་ཁྱབ་ཁོངས་སུ། མཚོ་སྔོན་གྱིས་ཀུན་གྱི་སྔོན་ལ་དམངས་སྲིད་ཀྱི་མ་མཐའི་འཚོ་བ་འགན་ལེན་དང་དབུལ་སྐྱོར་ཚད་གཞིའི“ཚད་གཞི་གཉིས་གཅིག་ཏུ་བསྒྲིལ་བ”ཁྱབ་སྤེལ་བཏང་ནས་ཞིང་ཆེན་ཡོངས་ཀྱི་དབུལ་པོ་ཚང་མ་མ་མཐའི་འཚོ་བ་འགན་ལེན་བྱེད་ཁོངས་སུ་བཅུག་པ་དང་། ཀུན་གྱི་སྔོན་ལ་དབུལ་སྐྱོར་མ་དངུལ་ཁག་གཅིག་རྫོང་ལ་སྤྲོད་རྒྱུ་དང་རྣམ་གྲངས་ལ་ཞིབ་བཤེར་ཆོག་མཆན་འགོད་དབང་རྫོང་ལ་སྤྲོད་རྒྱུ་ཁྱབ་སྤེལ་བཏང་ནས་ས་ཁུལ་དབུལ་པོར་རང་བརྟེན་དབང་ཆ་སྔར་བས་མང་བ་སྤྲད་པ་རེད། གཞན་ཡང་། མཚོ་སྔོན་ཞིང་ཆེན་གྱིས་ད་དུང་གཞི་རིམ་གྱི་ཤང་དང་གྲོང་རྡལ་360ལ་ཆེད་འགན་དང་དབུལ་སྐྱོར་གཅིག་ལྕོགས་ཀན་ཧྲི་བཀོད་སྒྲིག་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་དཔུང་ཁག་སྔར་བས་སྟོབས་ཆེར་བཏང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    ལོ་ལྔའི་རིང་། མཚོ་སྔོན་ཞིང་ཆེན་གྱིས་ས་ཁུལ་དབུལ་པོ་དང་མང་ཚོགས་དབུལ་པོའི“རང་བརྟེན”ནུས་པ་ཆེ་རུ་ཧུར་ཐག་བཏང་བ་དང་། སྲིད་གཞུང་གིས་སྔ་རྗེས་སུ་མ་དངུལ་སྒོར་དུང་ཕྱུར་58.73བཏང་ནས་ཞིང་ཆེན་ཡོངས་ཀྱི་ངལ་ནུས་ལྡན་པའི་མང་ཚོགས་དབུལ་པོ་ཁྲི་44.35ཡི་ཐོན་ལས་དབུལ་སྐྱོར་མ་དངུལ་དང་། གྲོང་ཚོ་དབུལ་པོ་1622ཀྱི་རོགས་རེས་འཕེལ་རྒྱས་མ་དངུལ། དབུལ་པོ་ཡོད་པའི་སྲིད་འཛིན་གྲོང་ཚོ་4024ཡི་མཉམ་སྡེབ་དཔལ་འབྱོར་གྱི་རོགས་སྐྱོར་འཕེལ་རྒྱས་མ་དངུལ། རྫོང(ཆུས་དང་གྲོང་ཁྱེར)དབུལ་པོ་39ཡི་རྫོང་རིམ་པའི་དབུལ་སྐྱོར་ཐོན་ལས་གླིང་འཛུགས་སྐྲུན་ཁྲིད་སྟོན་མ་དངུལ་བཅས་འགན་ལེན་བྱས་པས་ཡོངས་ཁྱབ་བཞི་མངོན་འགྱུར་བྱུང་ཡོད་པ་རེད།

    དེ་དང་ཆབས་ཅིག མཚོ་སྔོན་གྱིས་དབུལ་སྐྱོར་ལས་རྣམ་གསར་པ་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་། རྫོང་29རུ་གྲོང་གསེབ་ཏུ་དྲ་ཐོག་ཚོང་དོན་སྤེལ་བའི་དཔེ་སྟོན་འདུ་འགོད་དང་གྲོང་ཚོ་208དུ་གྲོང་གསེབ་ཡུལ་སྐོར་དབུལ་སྐྱོར་རྣམ་གྲངས་སྤེལ་བ་དང་། ཞིང་ཆེན་ཡོངས་སུ་རིམ་རྩིས་བརྒྱབ་ན་འོད་ཤུགས་དབུལ་སྐྱོར་རྣམ་གྲངས་ཀྲའོ་ཝ་720སྤེལ་བ་རེད། ཞིང་ཆེན་གྱི་གནས་ཚུལ་ལ་གཞིགས་ནས་སྣོད་བཅུད་དབུལ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་། ལོ་ལྔའི་རིང་རིམ་རྩིས་བརྒྱབ་ན་སྣོད་བཅུད་ཀྱི་སྤྱི་ཕན་རང་བཞིན་གྱི་དོ་དམ་སྲུང་སྐྱོང་ལས་གནས་ཁྲི་16བཏོད་པར་དུད་ཚང་དབུལ་པོའི་མི་ཁྲི་4.7བཀོད་སྒྲིག་བྱས་པས་དུད་ཚང་རེར་ལོ་རེར་ཡོང་འབབ་མང་ཤོས་སྒོར་ཁྲི་2.16འཕར་བ་དང་། ཁོར་ཡུག་བཅོས་སྒྲིག་དང་བདེ་སྲུང་དོ་དམ་སོགས་ཀྱི་སྤྱི་ཕན་རང་བཞིན་གྱི་དབུལ་སྐྱོར་ལས་གནས་2000ལྷག་བཏོད་པར་ངལ་ལས་ཡོང་འབབ་སྒོར་དུང་ཕྱུར་1.78བྱུང་ནས་ཆ་སྙོམས་མི་རེར་ཡོང་འབབ་སྒོར་4200འཕར་ཡོད་པ་རེད།

    ཧྲེང་ཙུང་དབྱིས། ཐོན་ལས་དབུལ་སྐྱོར་བྱེད་སྟངས་སྔར་བས་སྣ་མང་སྤྱད་པས་མང་ཚོགས་དབུལ་པོའི་འབབ་འཕར་ཐབས་ལམ་ཡང་སྔར་བས་མང་དུ་ཕྱིན་ནས་མཚོ་སྔོན་གྱི་ས་ཁུལ་དབུལ་པོའི་ཞིང་འབྲོག་པ་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་2012ལོའི་སྒོར་5364ནས་2017ལོའི་སྒོར་9462བར་འཕར་ནས་ལོ་རེར་ཆ་སྙོམས་འཕར་ཚད་11%ཟིན་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།