དབུ་ཤོག>གསར་འགྱུར།
  • མཛེས་སྡུག་ལྡན་པའི་རྨ་ཆུའི་ཆུ་འགོའི་སྣོད་བཅུད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཏེང་དབན་ལིས།   |     སྤེལ་དུས།  2018-09-25

    མཚོ་སྔོན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་སྟོད་རྫོང་ནི་རྨ་ཆུའི་བཞུར་རྒྱུད་ཀྱི་རྫོང་དང་པོ་ཡིན་པ་དང་། ས་བབ་མཐོ་ཚད་སྨི་4500ཡན་ཟིན་གྱི་ཡོད། ཟླ་དགུ་པའི་ཟླ་སྨད་དུ། དེ་གའི་ས་ཆ་ཁ་ཤས་ལ་གངས་བབས་ནས་དྲོད་ཚད་ཀླད་ཀོར་འོག་ཏུ་སླེབས་ཡོད་པ་རེད།

    ཞོགས་པའི་ཆུ་ཚོད་བརྒྱད་པ་ལྷག་ཙམ་ལ་གསར་འགོད་པ་རླངས་འཁོར་བསྡད་དེ་རྫོང་གྲོང་ནས་མཚོ་སྐྱ་རེངས་ཕྱོགས་སུ་བསྐྱོད། ཡུད་ཙམ་བསྐྱོད་རྗེས་སྣུམ་ནག་ལམ་རྫོགས་ཏེ་ཁོད་མི་སྙོམས་པའི་ས་རྡོའི་ལམ་དུ་གྱུར། ལམ་ཐག་སྤྱི་ལེ་80ཙམ་འགྲུལ་བཞུད་བྱེད་རིང་མི་ཕྱུགས་གཅིག་ཀྱང་མཐོང་ཆོས་སུ་མི་གྱུར།

    གསར་འགོད་པས་ཐག་མི་རིང་བའི་སར་སྦྲ་གུར་སྔོན་པོ་ཞིག་ཕུབས་ཤིང་དེའི་ནང་ནས་དུ་བ་སྔོ་ལྷོག་ལྷོག་འཕྱུར་བཞིན་པ་མཐོང་བས་ཤིན་ཏུ་དགའ་ནས་ཐད་ཀར་དེར་ཕྱིན། སྦྲ་གུར་ཕྱི་ནས་སྐད་གཏོང་སྐབས་མི་ཞིག་གིས་སྦྲ་སྒོ་ཕྱེ་ནས་འཛུམ་དམུལ་དམུལ་སྒོས་གསར་འགོད་པ་ནང་དུ་བསུས།

    སྦྲ་གུར་དེའི་ནང་དུ་ཁྱོན་མི་5ཡོད་ལ། ཁོང་ཚོའི་སྟོད་གོས་ཐོག་ཏུ་སྣོད་བཅུད་དོ་དམ་སྲུང་སྐྱོང་བ་ཞེས་བྲིས་འདུག ཁོང་ཚོ་ཞོགས་པ་སྐོར་སྲུང་བྱེད་པར་བསྐྱོད་དེ་ལོག་མ་ཐག་ཡིན་པས། གུང་ཟས་ཀྱང་ཟོས་མི་འདུག

    རྒན་ཤོས་དེའི་མིང་ལ་ཨ་དགའ་ཟེར་ཞིང་། འདི་ལོ་ལོ་61རེད། ཨ་དགས་ཁོང་ཚོ་ནི་མཚོ་སྐྱ་རེངས་ཤང་ཀླུ་ནག་གྲོང་ཚོ་ནས་ཡིན་པ་དང་། གྲོང་ཚོ་ཧྲིལ་པོར་ཁྱོན་སྣོད་བཅུད་དོ་དམ་སྲུང་སྐྱོང་ཡན་ལག་རུ་ཆུང་13ཡོད་པ་དེ་དག་གིས་ལས་རེས་ས་ཚིགས་ཁག་ཏུ་རེས་མོས་སྐོར་སྲུང་བྱེད་ཀྱི་ཡོད། ཡན་ལག་རུ་ཆུང་རེར་རུ་མི་4ནས་6བར་ཡོད་ཅེས་བཤད།

    ཨ་དགས་ཁོང་ཚོ་མི་རབས་ནས་མི་རབས་བར་འབྲོག་ལས་ལ་བརྟེན་ནས་འཚོ་བ་སྐྱེལ་མཁན་ཡིན་ཞིང་། ཕྱུགས་ཟོག་མང་ཤོས་སྐབས་སུ་ལུག་1000ལྷག་དང་ནོར་100ལྷག་ཡོད་པས་སྔོན་ཆད་འཚོ་བ་ཡག་པོ་ཡོད་ཅེས་བཤད།

    ཡིན་ན་ཡང་ཕྱུགས་ཟོག་མང་དྲགས་པ་དང་གོ་ལ་ཧྲིལ་པོའི་དྲོད་ཚད་མཐོ་རུ་ཕྱིན་པའི་རྐྱེན་གྱིས་སྣོད་བཅུད་ཁོར་ཡུག་ཇེ་ཞན་དུ་གྱུར་པ་དང་། 2005ལོར་རྨ་སྟོད་ཀྱི་སྔར་ཡོད་ཀྱི་མཚོ་མོ་4077ལས་ཕྱེད་ཀ་ཡན་སྐམ་ནས། འབྲོག་པའི་འཚོ་བར་དཀའ་ངལ་ཆེན་པོ་འཕྲད་དེ་ཆུ་འགོར་བསྡད་ཀྱང་ཆུ་འཐུང་རྒྱུ་མེད་པའི་སྣང་ཚུལ་ཐོན་ཡོད་ཅེས་བཤད།

    “རྩྭའི་སྐྱེ་འཚར་ཇེ་ཞན་ནས་ཇེ་ཞན་དང་མཚོ་མོ་ཇེ་ཉུང་ནས་ཇེ་ཉུང་དུ་གྱུར། ཆར་ཆུ་ཉུང་བའི་སྐབས་སུ་འཐུང་ཆུ་ཡང་དཀོན་པོར་གྱུར་ནས། སྤྱི་ལེ་བཅུ་ཙམ་གྱི་སར་ཆུ་ལེན་དུ་འགྲོ་དགོས་པས། ནོར་ལུག་གསོ་ཐབས་བྲལ”ཞེས་ཨ་དགས་ཕྱིར་དྲན་བྱེད་བཞིན་བཤད།

    ཁུ་སིམ་མེར་ཅུང་འགོར་རྗེས། ཐུབ་དཀོན་ཟེར་བའི་དོ་དམ་སྲུང་སྐྱོང་བ་ཞིག་གིས“ཡིན་ཡང་ལོ་འདི་དག་རིང་རྩྭ་ཐང་ལ་སླར་ཡང་འགྱུར་ལྡོག་ཡོང་བཞིན་འདུག”ཅེས་བཤད།

    2005ལོར། རྒྱལ་ཁབ་ཀྱིས་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་ལས་གྲྭ་དུས་ཐེངས་དང་པོ་སྤེལ་འགོ་བཙུགས་པ་དང་། 2014ལོར་བཅོས་སྒྲིག་རྒྱ་ཁྱོན་སྔར་བས་ཆེ་ཞིང་བཅོས་སྒྲིག་ཚད་གཞི་སྔར་བས་མཐོ་བའི་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་ལས་གྲྭ་དུས་ཐེངས་གཉིས་པ་མུ་མཐུད་སྤེལ་བས། གཙང་གསུམ་ཆུ་འགོའི་སྣོད་བཅུད་བརྟན་པོའི་ངང་སླར་གསོ་བྱུང་བ་རེད།

    ཕྱུགས་བཀག་རྩྭ་གསོ་བྱེད་ཆེད་འབྲོག་པ་མང་པོ་ཞིག་རྫོང་གྲོང་སོགས་སུ་སྤོས་པ་དང་། འབྲོག་པ་ཁག་གཅིག་སྣོད་བཅུད་དོ་དམ་སྲུང་སྐྱོང་བར་བདམས་ནས་རྩྭ་ཐང་གི་བྱ་དགའ་དང་ཁ་གསབ་དངུལ་ཡོད་པ་མ་ཟད་ད་དུང་ཟླ་ཕོགས་སྒོར་1800རེ་ལེན་རྒྱུ་ཡོད་པ་རེད། ཨ་དགའི་ཁྱིམ་ཚང་2015ལོ་ནས་བཟུང་རྫོང་གྲོང་དུ་སྤོས་པ་དང་། སྤྱིར་ཨ་དགའི་ཁྱིམ་གྱི་སྣོད་བཅུད་དོ་དམ་སྲུང་སྐྱོང་བ་ནི་ཁོང་གི་བུ་མོ་ཡིན་མོད། ཡིན་ན་ཡང་བུ་མོའི་ཕྲུ་གུ་ཆུང་བའི་རྐྱེན་གྱིས་ཨ་དགས་བུ་མོའི་ཚབ་བྱས་པ་རེད།

    མིག་སྔར། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ལ་སྣོད་བཅུད་དོ་དམ་སྲུང་སྐྱོང་བ་17211ཡོད་ལ། ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དུ་ཤང་དང་གྲོང་རྡལ་གྱི་དོ་དམ་སྲུང་སྐྱོང་ས་ཚིགས་དང་། གྲོང་ཚོ་རིམ་པའི་དོ་དམ་སྲུང་སྐྱོང་རུ་ཁག དོ་དམ་སྲུང་སྐྱོང་ཡན་ལག་རུ་ཆུང་བཅས་ལས“གནས་འབྲེལ་ཐིག་དང་། དྲ་འབྲེལ་ཁྱོན”གྱི་དོ་དམ་སྲུང་སྐྱོང་མ་ལག་ཅིག་ཆགས་ཡོད་པ་རེད།

    ད་ཆའི་སྣོད་བཅུད་སྐོར་སྲུང་ལས་དོན་སྐོར་གླེང་སྐབས། སྦྲ་གུར་ནང་གི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པོར་གྱུར། སྐད་ཆ་བཤད་རྒྱུར་མི་དགའ་བའི་དོ་དམ་སྲུང་སྐྱོང་བ་རྣམ་ཚེ་ཡིས་ཀྱང“སྔོན་ཆད་ཕྱུགས་ཟོག་མང་དྲགས་པས་རྩྭ་ཐང་ལ་གཏོར་སྐྱོན་ཚབས་ཆེན་ཐེབས་པ་དང་། ད་ཆ་རྩྭ་ཐང་ལ་དོ་དམ་སྲུང་སྐྱོང་བྱས་ནས། འཚོ་བ་ཇེ་ཡག་ནས་ཇེ་ཡག་ཏུ་འགྲོ་བཞིན་ཡོད། འདི་གར་ཆ་རྐྱེན་ཞན་རུང་ང་ཚོའི་སེམས་པ་ཇེ་སྐྱིད་རེད”ཅེས་བཤད།

    ད་ཆ་རྨ་ཆུའི་ཆུ་འགོར་ས་ནག་ཐང་དུ་རྩི་ཤིང་གིས་ཁེངས་པ་དང་། བདག་ཏུ་མ་བཟུང་པའི་སྲོག་ཆགས་ཀྱང་ཇེ་མང་དུ་ཕྱིན། མཚོ་མོ་ཆེ་ཆུང་5000ལྷག་ཟིན་ནས། རྨ་སྟོད་རྫོང་གི་མཛེས་ཉམས་བསྐྱར་དུ་མངོན་བཞིན་མཆིས། 

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།