ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་5ཚེས་22ཉིན་སྐྱར་མོ་ཤེས་རྟོགས་ཐུབ་རྗེས་སྐོར་སྲུང་ལྟ་ཞིབ་ཚད་ལེན་མི་སྣས་ཉིན་ཤས་གོང་སྲུང་སྐྱོང་ཁུལ་དུ་སླར་ཡང་ཆུ་བྱ་པིང་ཡུས་ཐོག་མར་ཤེས་རྟོགས་བྱུང་བས་ད་བར་མཚོ་སྔོན་པོར་བྱ་རིགས་ཀྱི་སྤྱི་འབོར་225བར་འཕར་ཡོད་པ་རེད།
མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་དབྱང་ཐའོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོའི་ཟླ་5ཚེས་22ཉིན་སྲུང་སྐྱོང་ཁུལ་གྱི་ལས་དོན་མི་སྣས་མཚོ་ཆུང་ངུའི་འདམ་རར་ཚན་རིག་བརྟག་དཔྱད་བྱེད་སྐབས་ངལ་གསོ་བཞིན་པའི་སྐྱར་མོའི་རིགས་ཀྱི་བྱ་རིགས་ཤིག་ཤེས་རྟོགས་བྱུང་བ་དང་འབྲེལ་མཚོ་སྔོན་པོར་ཐོན་ཐེངས་དང་པོ་ཡིན་སྲིད་པའི་བྱ་རིགས་དེར་ལྟ་ཞིབ་ཚད་ལེན་ཞིབ་ཚགས་བྱས་པ་དང་། པར་བླངས་རྗེས་བྱ་རིགས་རིགས་གཅིག་མཁས་ཅན་གྱིས་བྱ་རིགས་དེ་སྐྱར་མོ་ཡིན་ཞིང་། མཚོ་སྔོན་པོའི་རང་བྱུང་སྲུང་སྐྱོང་ཁུལ་ནང་ཐོན་ཐེངས་དང་པོ་ཡིན་པ་གཏན་འཁེལ་བྱས་པ་རེད།
ཆུ་བྱ་པིང་ཡུས་ཤེས་རྟོགས་ཐུབ་པ་ནི་དེ་བས་སྟབས་འཁེལ་བ་ཞིག་ཡིན་ཞིང་། ཉིན་ཤས་གོང་སྐོར་སྲུང་ལྟ་ཞིབ་ཚད་ལེན་མི་སྣས་སྲུང་སྐྱོང་ཁུལ་ནང་འཆར་ཅན་སྐོར་ཞིབ་བྱེད་སྐབས་མཚོ་ངོགས་དང་ཉེ་བའི་གྲམ་ཐང་ཐོག་ཆུ་བྱའི་ཁྱུ་ཚོགས་ཆུང་གྲས་ཤིག་མཐོང་ནས་ཁོང་ཚོས་ལམ་སེང་རྒྱུན་གཏན་བཞིན་པར་བླངས་པ་དང་འབྲེལ་ཡོད་ཀྱི་ཐོ་འགོད་བྱས་པ་རེད། སྐོར་ཞིབ་མཇུག་འགྲིལ་རྗེས་སྐོར་སྲུང་ལྟ་ཞིབ་ཚད་ལེན་མི་སྣས་སྐོར་ཞིབ་བྱས་པའི་པར་ལ་ལེགས་འདེམས་ཐོ་འགོད་བྱེད་སྐབས་ཆུ་བྱའི་ཚོགས་པའི་ཁྲོད་ནས་དེ་སྔོན་མཚོ་སྔོན་པོར་ཐོན་མ་མྱོང་བའི་བྱ་རིགས་གསར་པ་ཆུ་བྱ་པིང་ཡུས་འདྲ་བ་ཞིག་མཐོང་། སྐོར་སྲུང་ལྟ་ཞིབ་ཚད་ལེན་མི་སྣས་ལམ་སེང་ཁོང་ཚོས་བླངས་པའི་པར་དང་ཆེད་ལས་ཀྱི་པར་དཔྱད་བསྡུར་བྱས་པ་དང་ཆབས་ཅིག་འབྲེལ་ཡོད་རིགས་གཅིག་མཁས་ཅན་གྱིས་དབྱེ་འབྱེད་བྱས་རྗེས་གསར་དུ་ཤེས་རྟོགས་བྱུང་བའི་བྱ་རིགས་དེ་ནི་ཆུ་བྱ་པིང་ཡུས་ཡིན་པའི་གཏན་འཁེལ་བྱས།
དབྱང་ཐའོ་ཡིས“ལོ་འདི་དག་རིང་མཚོ་སྔོན་པོའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྣོད་བཅུད་ཁོར་ཡུག་ཟམ་མི་ཆད་པར་ལེགས་སུ་འགྲོ་བ་དང་མི་རྣམས་ཀྱི་སྣོད་བཅུད་སྲུང་སྐྱོང་གི་འདུ་ཤེས་ཉིན་རེ་བཞིན་ཟབ་ཏུ་འགྲོ་གི་ཡོད་པས། བྱ་རིགས་ཀྱི་རྒྱུད་འཕེལ་ལ་ཕན་པ་ཧ་ཅང་ཆེན་པོ་ཡོད། འཚོ་སྡོད་ཁོར་ཡུག་ཅུང་ལེགས་ཙམ་དགོས་པའི་བྱ་རིགས་མང་དག་ཅིག་ཀྱང་སྲུང་སྐྱོང་ཁུལ་དུ་རིམ་བཞིན་ཐོན་མང་དུ་འགྲོ་གི་ཡོད་པ་དེས་ཀྱང་མཚོ་སྔོན་པོའི་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཕན་འབྲས་ཆེན་པོ་ཐོན་པ་ར་སྤྲོད་ཐུབ”ཅེས་བཤད་པ་རེད།