ཉེ་བའི་ལོ་ཤས་རིང་ཟི་ལིང་གྲོང་ཁྱེར་གྱིས“ཤེས་ལྡན་མི་སྣ་སྔོན་དུ་བྱེད་པའི”འདུ་ཤེས་བཙུགས་པ་དང་། “བདག་དབང་རང་ལ་མེད་ཀྱང་སྤྱོད་དབང་རང་ལ་ཡོད་པའི”སྟབས་བསྟུན་ཤེས་ལྡན་མི་སྣ་ནང་འདྲེན་གྱི་ལམ་སྲོལ་འཚོལ་ཞིབ་བྱས་ནས་བཙུགས་པས། མཐོ་རིམ་ཤེས་ལྡན་མི་སྣ་དཀོན་པའི་གནད་དོན་ཐག་གཅོད་ཐུབ་པ་རེད།
སྲིད་ཇུས་ནི་ཤེས་ལྡན་མི་སྣའི་ལས་དོན་གྱི་སྲོག་རྩ་རང་རེད། ཟི་ལིང་གིས“རྩེ་རིམ་ཇུས་འགོད”ལ་རྒྱུན་མཐུད་ངང་ཤུགས་སྣོན་བརྒྱབ་སྟེ། སྟབས་བསྟུན་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པར་བྱེད་ཐབས་རབ་དང་རིམ་པ་བཏོན་ཏེ་ཁོར་ཡུག་བཟང་པོ་བཏོད་པ་དང་ཕྱོགས་ཁག་གི་ཤེས་ལྡན་མི་སྣ་གཅིག་འདུས་ཡོང་བ་བྱས་ཡོད།
《ཟི་ལིང་གྲོང་ཁྱེར་གྱིས་གསར་གཏོད་ལས་གཏོད་ཀྱི་མཐོ་རིམ་ཤེས་ལྡན་མི་སྣ་ནང་འདྲེན་དང་གསོ་སྐྱོང་བྱ་རྒྱུའི་སྐོར་གྱི་བསམ་འཆར(ཚོད་ལྟའི་ལག་བསྟར)》ནང་གཏན་འབེབས་ཁ་གསལ་བྱས་དོན། སྟབས་བསྟུན་ནང་འདྲེན་གྱི་རིགས་དང་པོ་ནས་གསུམ་པ་བར(ཕུལ་བྱུང་དང་། སྣེ་ཁྲིད། རྩེར་སོན)གྱི་ཤེས་ལྡན་མི་སྣར་སྒོར་ཁྲི་40དང་། ཁྲི་25 ཁྲི་15བཅས་ཀྱི་སྤྲོད་ཐེངས་གཅིག་གི་མ་དངུལ་གྱི་རྒྱབ་སྐྱོར་སོ་སོར་བྱ་རྒྱུ་རེད། གྲོང་ཁྱེར་ཤེས་ལྡན་མི་སྣ་གསར་སྤེལ་ཐེབས་རྩས་ལོ་ལྟར་སྒོར་ཁྲི་50བཀོད་སྒྲིག་བྱས་ནས་མི་སྤྱོད་ཚན་པས“གཟའ་མཇུག་གི་སྨན་པ”དང“གཟའ་ཉི་མའི་བཟོ་བཀོད་ཆེ་མོ་བ”སོགས་ཀྱི་མཉམ་ལས་རྣམ་གྲངས་གསར་སྤེལ་དང་རྒྱ་སྐྱེད་གཏོང་རྒྱུར་ལྕག་སྐུལ་དང་རྒྱབ་སྐྱོར་བྱས་ཏེ། དེ་བས་སྒོ་དབྱེ་དང་བབ་བསྟུན་གྱི་བྱེད་ཐབས་ཐོག་ནས་རྩེར་སོན་ཤེས་ལྡན་མི་སྣ་ཟི་ལིང་དུ་དུས་ཐུང་ཞབས་འདེགས་ཞུ་བར་ཡོང་རྒྱུར་སྟབས་བསྟུན་ནང་འདྲེན་བྱེད་ཀྱི་ཡོད་པ་རེད། མཚོ་སྔོན་ཞིང་ཆེན་ཚན་རིག་མཐུན་ཚོགས་སོགས་འབྲེལ་ཡོད་སྡེ་ཚན་གྱིས་ཞིབ་བཤེར་དང་ཆོག་མཆན་ཐོབ་ནས་བཙུགས་པ་དང་འབྲེལ་སྤྱོད་བཞིན་པའི་ཟི་ལིང་གྲོང་ཁྱེར་ཡོན་ཧྲེ་ལས་དོན་ས་ཚིགས་ལ་གྲོན་དངུལ་སྒོར་ཁྲི་བརྒྱའི་རྒྱབ་སྐྱོར་བྱས་པ་དང་། རིགས་གཅིག་མཁས་ཅན་གྱི་ལས་དོན་ས་ཚིགས་དང་། ལག་རྩལ་གཞན་སྒྱུར་ལྟེ་གནས། མཆོག་རམས་པའི་ཚན་ཞིབ་ལས་དོན་ས་ཚིགས། ཐོན་སློབ་ཞིབ་གསུམ་གྱི་རྟེན་གཞི་བཅས་ལ་སྒོར་ཁྲི་30སྤྲད་དེ་རྒྱབ་སྐྱོར་བྱས་ཤིང་། དེ་དང་དུས་མཚུངས《ཟི་ལིང་གྲོང་ཁྱེར་གྱིས་ཟི་ལིང་ལ་རོགས་སྐྱོར་བྱེད་མཁན་ཤེས་ལྡན་མི་སྣའི་སློབ་གསོའི་ཞབས་ཞུ་དང་དོ་དམ་ལ་ཤུགས་སྣོན་རྒྱག་པའི་བྱེད་ཐབས་བཅུ》བཏོན་པ་རེད།
ཟི་ལིང་གྲོང་ཁྱེར་གྱིས“སྲིད་གཞུང་གིས་སྣེ་ཁྲིད་དང་། དགོས་མཁོ་གཞི་འཛིན་སར་བྱེད་པ། ཁྲོམ་རར་བཀོད་སྒྲིག གན་རྒྱ་འཇོག་པའི་ཐོག་ནས་དོ་དམ”བཅས་ཀྱི་སྟབས་བསྟུན་ཤེས་ལྡན་མི་སྣ་ནང་འདྲེན་གྱི་རྩ་དོན་གཞིར་བཟུང་། “མཚོ་སྔོན་གྱི་མི་སྟོང་གི་འཆར་གཞི”དང་། “འབུམ་རམས་པའི་ཞབས་ཞུའི་ཚོགས་པ” “པེ་ཅིང་དང་མཚོ་སྔོན་གྱི་རིགས་གཅིག་མཁན་ཅན་གྱི་ཞབས་ཞུའི་ཚོགས་པ” “ཕུའུ་ཏུང་རིགས་གཅིག་མཁས་ཅན་དང་འབུམ་རམས་པའི་ཞབས་ཞུའི་ཚོགས་པ”སོགས་ཀྱི་རྣམ་གྲངས་ལ་བརྟེན་ནས་སྟབས་བསྟུན་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་སྟེ། མཁས་པ་དང་མཁས་དབང་ནང་འདྲེན་བྱེད་གང་ཐུབ་ཀྱིས་ཤེས་ལྡན་མི་སྣ་གཅིག་འདུས་བྱ་རྒྱུ་དེ“རྡོ་ཁབ་ལེན་གྱི་ནུས་པ”ལྟ་བུར་འགྱུར་བར་བྱས་ཡོད།
ཡུན་རིང་སྡོད་མི་ཐུབ་ཀྱང་རྒྱུན་དུ་ཡོང་རྒྱུའི་རེ་བ་བྱེད་པ། དུས་ཚོད་རིང་ཐུང་ཇི་འདྲ་ཡིན་རུང་དོན་འབྲས་སྨིན་རྒྱུའི་རེ་བ་བྱེད་ཅིང་། ཟི་ལིང་གྲོང་ཁྱེར་གྱིས“དུས་མཚམས་རང་བཞིན་གྱི་ཤེས་ལྡན་མི་སྣའི་འདུ་འགོད”དང“དུས་བྱ་རྣམ་པའི་ཤེས་ལྡན་མི་སྣའི་འདུ་འགོད”སོགས་ཀྱི་བྱེད་ཐབས་ལག་ལེན་བསྟར་བ་བརྒྱུད། བབ་བསྟུན་དང་བྱ་ཐབས་སྣེ་མང་གི་ཐོག་ནས་ཤེས་ལྡན་མི་སྣ་ནང་འདྲེན་དང་ཤེས་ལྡན་མི་སྣ་སྤྱོད་གང་ཐུབ་བྱེད་ཀྱི་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་ཟི་ལིང་གིས་དུས་ཐུང་གི་དུས་བྱ་རྣམ་པའི“ཐབས་ཤེས་སློབ་པའི”བྱེད་སྒོ་སྤེལ་བར་རིམ་རྩིས་བྱས་ན། རིགས་ཁག་གི་རིགས་གཅིག་མཁས་ཅན་260ལྷག་ཙམ་ཟི་ལིང་དུ་ཞབས་འདེགས་དང་འཕེལ་རྒྱས་གཏོང་རོགས་བྱ་རྒྱུར་གདན་དྲངས་པ་རེད། ཟི་ལིང་གྲོང་ཁྱེར་གྱིས“སྟབས་བསྟུན་ཤེས་ལྡན་མི་སྣ་ནང་འདྲེན”གྱི་ལས་སྟེགས་བརྒྱུད་ཤེས་ལྡན་མི་སྣ་རྩེ་གྲ་དཀོན་པའི་ཞན་ཆ་གསབ་སྟེ། དུས་ཐུང་ནང་ཤེས་ལྡན་མི་སྣ་གཅིག་འདུས་ཡོང་བའི་ཐབས་ལམ་འཚོལ་ཞིབ་ཐུབ་ཡོད་པ་རེད།