དབུ་ཤོག>གསར་འགྱུར།
  • སི་ཁྲོན་གྱི་དུད་ཚང་43ཡོད་པའི་ཐག་རིང་ལུང་ཁུག་གི་བོད་རིགས་གྲོང་ཚོ་ནས་སློབ་ཆེན་སློབ་མ་26ཐོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2018-09-23

    ལོ་22ལ་སླེབས་པའི་བཀྲ་ཤིས་བསོད་ནམས་ཀྱི་སེམས་ལ་དངངས་སྐྲག་དང་རེ་སྒུག་ཅིག་ཅར་དུ་འཆར། ཟླ་བ་གཅིག་ལྷག་ཙམ་གྱི་གོང་ཁོང་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ཡི་དམིགས་བསལ་ལས་གནས་ཀྱི་དགེ་རྒན་གྱི་གཞུང་བསྡུའི་རྒྱུགས་འཕྲོད། ཉིན་ཤས་ནས་སློབ་ཁྲིད་བྱ་ཡུལ་གྱི་སློབ་གྲྭར་བསྐྱོད་རྩིས་ཡོད་པ་རེད། བཀྲ་ཤིས་བསོད་ནམས་དཀར་མཛེས་ཀྲོའུ་སྡེ་རོང་རྫོང་ཞོལ་ལུང་ཤང་སྨན་སྟེང་གྲོང་ཚོ་ནས་ཡིན་པ་དང་། གྲོང་ཚོ་དེར་དུད་ཚང་43ལས་མེད་ཀྱང་། ལོ་20ཙམ་རིང་ཁོང་ཚུད་པའི་སློབ་ཆེན་སློབ་མ་26ཐོན་ཡོད།

    སྨན་སྟེང་གྲོང་ཚོ་སི་ཁྲོན་དང་ཡུན་ནན་སྦྲེལ་མཚམས་འབྲི་ཆུའི་འདབས་ཀྱི་ས་བབ་མཐོ་ཚད་སྨི་2600ཡི་རི་ཁུག་ཏུ་གནས་པ་དང་ཁྲེང་ཏུའུ་དང་བར་ཐག་སྤྱི་ལེ་1000ལྷག་ཙམ་ཡོད། ལོ་གཉིས་གོང་གྲོང་ཚོའི་འདབས་ཀྱི་འབྲི་ཆུ་སྒྲོལ་བའི་རྡོ་ཟམ་བསྐྲུན་མེད་པས་གྲོང་མི་ཕྱིར་སྐྱོད་སྐབས་གཙོ་བོ་འཕྲེང་ཟམ་བརྒྱུད་པའམ་ཡང་ན་རི་སྐེད་ཀྱི་ལམ་གུ་དོག་པོ་དེ་བརྒྱུད་ནས་ལ་རེ་རེ་བཞིན་བརྒལ་དགོས། གྲོང་ཚོའི་དུད་ཚང་43གྱི་མི་267ཚང་མ་བོད་རིགས་ཡིན་པ་དང་ཁོང་ཚོས་གཙོ་བོ་ཕྱུགས་འཚོ་བ་དང་ས་ཞིང་བཏབ་ནས་འཚོ་བ་སྐྱེལ་གྱི་ཡོད། 2017ལོར་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་4100ལྷག་ཙམ་ཡོད།

    སློབ་ཆེན་སློབ་མ་26ཚང་མ་ནི་སྨན་སྟེང་གྲོང་ཚོའི་སློབ་ཁྲིད་ས་ཚིགས་ནས་རང་ཉིད་ཀྱི་བློ་འབྱེད་སློབ་གསོ་དང་ལེན་བྱེད་འགོ་ཚུགས་པ་ཤ་སྟག་ཡིན། 1960ལོར་བསྐྲུན་པའི་རི་གྲོང་གི་སློབ་ཁྲིད་ས་ཚིགས་འདི་ནི་རྫོང་ཡོངས་ཀྱི་མིག་སྔར་གནས་པའི་གྲོང་ཚོའི་སློབ་ཁྲིད་ས་ཚིགས་ཆུང་ངུ་གཅིག་པུ་དེ་ཡིན། ཕྲུ་གུ་ཚོས་དེ་གར་སློབ་ཆུང་ལོ་རིམ་གསུམ་པ་འགྲིམས་རྗེས་མཁྲེགས་ཆས་ཆ་རྐྱེན་ཅུང་ལེགས་པའི་སྤུན་གསུམ་གཅིག་སྡུད་སློབ་གཉེར་ས་ཚིགས་སུ་སློབ་སྦྱོང་བྱེད་པར་བསྐྱོད་ཀྱི་ཡོད།

    སྨན་སྟེང་དུ་ཡོད་པའི་སློབ་ཁྲིད་ས་ཚིགས་ཀྱི་ལོ་44ལ་སླེབས་པའི་དགེ་རྒན་བཀྲ་ཤིས་ཆོས་འཕེལ་གྱིས་སློབ་དུས་འདིར་ལོ་བཞི་ནས་བརྒྱད་བར་གྱི་ཕྲུ་གུ་དགུ་ཡོད་པས་སློབ་ཞུགས་གོང་གི་འཛིན་གྲྭ་དང་ལོ་རིམ་དང་པོའི་འཛིན་གྲྭ་བཀོད་སྒྲིག་བྱས་པ་དང་། སློབ་ཚན་ཚང་མ་ང་དང་80རྗེས་སྐྱེས་ཀྱི་དགེ་རྒན་ཐུབ་བསྟན་རྒྱ་མཚོས་མཉམ་དུ་ཁྲིད་ཀྱི་ཡོད་ཅེས་གསར་འགོད་པར་བཤད།

    སི་ཁྲོན་མི་རིགས་སློབ་གླིང་ནས་ཐོན་པའི་བཀྲ་ཤིས་བསོད་ནམས་ནི་སྨན་སྟེང་སློབ་ཁྲིད་ས་ཚིགས་ནས་ཐོན་པའི་སློབ་ཆེན་སློབ་མ་26གི་གྲས་ཤིག་ཡིན། ཁོང་གིས་གསར་འགོད་པར“རྒན་ངག་འཕེལ་ལགས་ཀྱིས་སློབ་ཚན་ཡག་པོ་ཁྲིད་གནང་གི་རེད། སློབ་ཚན་གྲོལ་རྗེས་ཁོང་གིས་སློབ་ཕྲུག་ཚོ་སློབ་གྲྭར་སྦྱོང་ཚན་འབྲི་རུ་འཇུག་པ་དང་རྩེད་མོ་རྩེ་རོགས་གནང་བ་མ་ཟད། ད་དུང་སློབ་ཚན་གསབ་ཁྲིད་དང་འགྲེལ་བཤད་བརྒྱབ་གནང་གི་ཡོད”ཅེས་བཤད།

    གྲོང་མི་ཚོའི་སེམས་ནང་གི་རྒན“ངག་འཕེལ”ནི་བཀྲ་ཤིས་ཆོས་འཕེལ་ཡིན་པ་དང་། ཁོང་ནི་ས་སྐྱེས་རྡོ་སྐྱེས་ཀྱི་སྨན་སྟེང་གྲོང་ཚོའི་མི་ཡིན། མཐོ་རིམ་སློབ་འབྲིང་ཐོན་རྗེས་ཁོང་གིས་སྨན་སྟེང་སློབ་ཁྲིད་ས་ཚིགས་སུ་ལོ་24སློབ་ཁྲིད་གནང་བ་དང་རང་སྦྱོང་ལ་བརྟེན་ནས་ཆེད་ཚན་སློབ་གྲྭའི་སློབ་རྒྱུས་བླངས། ལོ་5ཡི་གོང་། དཀར་མཛེས་ཀྲོའུ་རུ་ཚབ་ཁྲིད་དགེ་རྒན་གྱི་གཞུང་བསྡུའི་ཡིག་རྒྱུགས་ལ་ཞུགས་རྗེས་གཞུང་བཙུགས་དགེ་རྒན་དུ་གྱུར།

    “སློབ་ཁྲིད་ནི་ས་ཞིང་འདེབས་པ་དང་འདྲ་བར་ཁྱེད་ཀྱིས་དཀའ་སྤྱད་དང་རྔུལ་ཆུ་ག་ཚོད་སྤྱད་པ་དག་སློབ་མའི་ཡར་རྒྱས་ལས་མངོན་ཐུབ”ཅེས་དགེ་འོས་ཚན་ཁག་ནས་ཐོན་པ་མིན་པའི་རྒན་བཀྲ་ཤིས་ཆོས་འཕེལ་གྱིས་བཤད།

    ལོ་20ལྷག་ཙམ་རིང་། བཀྲ་ཤིས་ཆོས་འཕེལ་གྱི་ལས་གྲོགས་ཡིན་པའི་གྲོང་ཚོའི་སློབ་ཆུང་གི་དགེ་རྒན་10སྔ་རྗེས་སུ་ཕྱིན་པ་དང་། ཁོང་གི་ནང་མི་ཚོས་ཀྱང་ལས་བསྒྱུར་བྱེད་པའི་ཁ་ཏ་བྱས་ཀྱང་། བཀྲ་ཤིས་ཆོས་འཕེལ་ལས་ཀ་འདིར་དགའ་ཞེན་ཆེན་པོ་ཡོད། སློབ་གྲྭར་རིག་རྩལ་ཡོ་བྱད་མི་འདང་སྐབས་ཁོང་གིས་རིར་འཛེགས་ནས་ཤིང་བཅད་དེ་པི་ཝང་རྒྱུད་གཉིས་མ་བཟོས་ནས་སློབ་ཕྲུག་ཚོ་དང་མཉམ་དུ་སྒོར་བྲོ་དང་འབའ་གཞས་འཁྲབ་ཀྱི་ཡོད་པ་རེད།

    ས་སྲོད་སྐབས་སུ། གྲོང་ཚོའི་མཁའ་ལ་དུ་བ་འཕྱུར་ཅིང་། ནུབ་ཁའི་ཉི་ཟེར་གྱིས་བརྒྱན་པའི་ལུས་སྦྱོང་ར་བའི་ནང་དུ། སློབ་ཕྲུག་ཚོས་ལན་ཆིའུ་སྤོ་ལོ་རྒྱག་པའི་དགོད་སྒྲ་གྲགས་འོང་། སྡེ་རོང་རྫོང་སློབ་གསོ་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་ངག་དབང་ཚེ་རིང་གིས་2015ལོ་ནས་བཟུང་། ཀྲོའུ་ཡོངས་སུ་བུ་བཅོལ་ཁང་ནས་མཐོ་རིམ་སློབ་འབྲིང་བར་གྱི་ལོ་བཅོ་ལྔའི་རིན་མེད་སློབ་གསོ་མངོན་འགྱུར་ཐུབ་ནས། “སློབ་མ་སུ་ཞིག་ཡིན་ཡང་ཁྱིམ་ཚང་དབུལ་པོའི་རྐྱེན་གྱིས་སློབ་མཚམས་མི་ཆད་པའི”འགན་ལེན་ཐུབ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།