མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ལོ་51ལ་སླེབས་པའི་དབང་རྒྱལ་མཚོ་མོའི་ནད་གཞི་དྲག་སྐྱེད་ཡག་པོ་བྱུང་འདུག སྤྱིར་བཏང་སྐྱོན་ཆེ་བ་མི་འདུག་ཅེས་སྨན་པས་ཤོད་སྐབས་ཁོང་གི་ངོ་གདོང་ནས་དགའ་བའི་འཛུམ་མདངས་མངོན། ཁོང་གིས་དགའ་ཚོར་བྱེད་དོན་ནི་ལོ་གཅིག་རིང་སྨན་བཅོས་བྱས་པ་བརྒྱུད་ནད་གཞི་དྲག་སྐྱེད་བྱུང་བ་མ་ཟད། ད་དུང་གཤགས་བཅོས་བྱས་པར་སྨན་རིན་སྤྲོད་དགོས་བྱུང་མེད་པས་རེད། 2017ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡིས“ཐུམ་འབུའི་ནད་ཀྱི་ཕྱོགས་བསྡུས་འགོག་བཅོས་འགག་སྒྲོལ་བྱ་སྤྱོད”ཕྱོགས་ཡོངས་ནས་སྤེལ་ཏེ་ཐུམ་འབུའི་ནད་ཕོག་པའི་ནད་པར་སྨན་རིན་མི་དགོས་པར་སྨན་བཅོས་བྱས་པ་དང་ཡུལ་ཤུལ་གྲོང་ཁྱེར་རོང་པོ་གྲོང་རྡལ་ཏའེ་ཆིང་གྲོང་ཚོའི་རྣམ་རྒྱལ་མཚོ་མོ་ནི་དེའི་ཁྲོད་ཀྱི་ཕན་པ་ཐོབ་མཁན་གྱི་གྲས་ཤིག་རེད།
འབྲོག་ཁུལ་མང་ཚོགས་ཀྱི་བདེ་ཐང་དང་ཞིང་འབྲོག་མང་ཚོགས་ལ་སྤུས་ཚད་མཐོ་བའི་འཚོ་བ་སྐྱེལ་རྒྱུ་ཡོང་བའི་འགན་ལེན་དང་ཞིང་འབྲོག་ཁུལ་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད། 2016ལོའི་ལོ་སྟོད་དུ་ཡུལ་ཤུལ་ཀྲོའུ་ཡི་འགོས་ནད་ཚབས་ཆེན་དང་ཡུལ་ནད་ཚོད་འཛིན་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཡོད། 2017ལོའི་ཟླ་4པར“ཐུམ་འབུའི་ནད་ཀྱི་ཕྱོགས་བསྡུས་འགོག་བཅོས་འགག་སྒྲོལ་བྱ་སྤྱོད”སྤེལ་ཡོད། 2016ལོར་མ་དངུལ་སྒོར་དུང་ཕྱུར་1.4བསྡུ་སྒྲིལ་བྱས་ནས་བོད་རིགས་ས་ཁུལ་གྱི་ཐུམ་འབུའི་ནད་གྲལ་བཤེར་བྱ་རྒྱུ་ནང་དོན་གཙོ་བོར་བྱེད་པའི་ཀྲོའུ་དེ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་བདེ་ཐང་ཡོངས་བཤེར་ལས་དོན་ཐོག་མ་སྤེལ་ཡོད། མིག་སྔའི་བར་མི་ཁྲི་40.6ལྷག་ཙམ་ལ་གྲལ་བཤེར་བྱས་པ་དང་ཁྱབ་ཚད་99%ཟིན་ཡོད། ཀྲོའུ་དེ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་བདེ་ཐང་གནས་ཚུལ་དང་ནད་གཞི་ཁྱབ་ཚུལ་གྱི་ད་ཡོད་གནས་ཚུལ་སྔར་བས་ཁ་གསལ་དང་ཤེས་རྟོགས་བྱས་ཡོད། ཐུམ་འབུའི་ནད་ཕོག་པའི་ནད་པ་2857ཐོག་མར་ཤེས་རྟོགས་ཐུབ་པ་དང་རིམ་རྩིས་བྱས་ན་མི་637ལ་གཤགས་བཅོས་བྱས་ནས་མ་དངུལ་སྒོར་ཁྲི་450.75ཁ་གསབ་བྱས་ཡོད།
གཞན་ཡང་ཐུམ་འབུའི་ནད་འགོག་བཅོས་རྣམ་གྲངས་ལག་ལེན་བསྟར་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་བརྒྱུད། ཡུལ་ཤུལ་ཀྲོའུ་ཡི་ཞིང་འབྲོག་མང་ཚོགས་ཀྱི་ཐུམ་འབུའི་ནད་ཐོན་མང་བའི་གནས་ཚུལ་བཀག་འགོག་ནུས་ལྡན་ཐུབ་པ་དང་། དམངས་ཡོངས་ལ་བདེ་ཐང་ཡོངས་བཤེར་བྱས་པ་བརྒྱུད་ཀྲོའུ་དེ་ཡོངས་ཀྱི་འགོས་ནད་དང་ཡུལ་ནད་ཕོག་པའི་མི་ཚོགས་དང་གཞི་རྩའི་ལས་དོན་ལ་མཐིལ་རྟོགས་བྱས་ཏེ་སླད་ཕྱིན་ནད་གཞི་སྨན་བཅོས་དང་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་ཚན་རིག་དང་མཐུན་པའི་གྲངས་གཞི་ཞིབ་ཕྲ་མཁོ་འདོན་ཐུབ་ཡོད། “བྱེད་ཐབས་ཁག་དོན་འཁྱོལ་བྱས་པས་མང་ཚོགས་ཀྱི་ཁུར་པོ་ཡང་དུ་ཤུགས་ཆེན་ཕྱིན་ཡོད”ཡུལ་ཤུལ་ཀྲོའུ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱི་ཀྲུའུ་རེན་བསོད་ནམས་དབང་མོས་ངོ་སྤྲོད་བྱས་པར་གཞིགས་ན། ཐུམ་འབུའི་ནད་ཀྱི་གཤགས་བཅོས་དང་སྨན་བཅོས་ཁ་གསབ་ཐད་མི་རེར་ཆ་སྙོམས་སྒོར་8000སྤྲོད་པའི་རྨང་གཞིའི་ཐོག ཡུལ་ཤུལ་ཀྲོའུ་ཡིས་དམངས་སྲིད་དང་། རྒྱ་གྲམ་དམར་རྟགས་ཚོགས་པ། ཀྲོའུ་དང་རྫོང་གི་སྨན་བཅོས་སྒྲིག་གཞི་སོགས་ཀྱི་སྨན་བཅོས་རོགས་སྐྱོབ་ཀྱི་རྣམ་གྲངས་མ་དངུལ་བརྩོན་ལེན་ཧུར་ཐག་བྱེད་པ་དང“རྩ་ཆག་ལྔ་དང་ཉུང་གཏོང་དྲུག”གི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ་ཞིང་འབྲོག་པ་མང་ཚོགས་ཀྱི་ཐུམ་འབུའི་ནད་ཀྱི་གཤགས་བཅོས་དང་སྨན་བཅོས་ཀྱི་ཁུར་པོ་ཡང་དུ་ཡོད། དེ་དང་ཆབས་ཅིག་བདེ་ཐང་དབུལ་སྐྱོར་ལས་དོན་དང་ཟུང་འབྲེལ་བྱས་ནས་བདེ་ཐང་དབུལ་སྐྱོར་གྲངས་གཞིའི་མཛོད་ཀྱི་དུད་ཚང་2167གྱི“ནད་ཀྱིས་རྐྱེན་པས་དབུལ་པོར་གྱུར་བ་དང་ནད་ཀྱིས་རྐྱེན་པས་བསྐྱར་དུ་དབུལ་པོར་གྱུར་བའི”མི་7588ལ་ཞིབ་བསྡུར་དང་ཡིག་ཚགས་བཟོས་པ་དང་། རིགས་དབྱེའི་སྨན་བཅོས་བྱས་ནས་བདེ་ཐང་དབུལ་སྐྱོར་གྱི་དམིགས་སའི་རང་བཞིན་དང་ནུས་ལྡན་རང་བཞིན་ཆེ་རུ་བཏང་སྟེ་ནད་གཞི་ཕོག་པའི་ཞིང་འབྲོག་མང་ཚོགས་ཀྱི་སྨན་བཅོས་ཁུར་པོ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ཡང་དུ་བཏང་ཡོད། (མཚམས་གཅོད་ཀྱིས་བསྒྱུར། ལྷག་ཚེས་ཞུས)