ཀྲུང་དབྱང་སྲིད་ཁྲིམས་ལས་དོན་གྱི་ཚོགས་འདུ་དང་། ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ། ལྗོངས་ཏང་ཨུད་ཀྱི་སྲིད་ཁྲིམས་ལས་དོན་ཚོགས་འདུ། རྒྱལ་ཡོངས་ཀྱི་སྤྱི་བདེ་ཐིང་གི་ཅུས་ཀྲང་གི་བཞུགས་མོལ་ཚོགས་འདུ་བཅས་ཀྱི་དགོངས་དོན་སྔར་བས་ལག་བསྟར་དོན་འཁྱོལ་བྱས་ཏེ་ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་རྨང་གཞི་ཆ་འཕྲིན་ཅན་དང་། ཉེན་དོན་དངོས་འཐབ་ཅན། ཁྲིམས་འཛིན་ཚད་ལྡན་ཅན། དཔུང་ཁག་དངོས་གཞི་ཅན་བཅས་སུ་འཛུགས་སྐྱོང་བྱ་རྒྱུར་སྐུལ་འདེད་བཏང་ནས་ལྗོངས་ཡོངས་ཀྱི་སྤྱི་བདེའི་དངོས་འཐབ་སློབ་གསོ་སྦྱོང་བརྡར་ཆུ་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་གཏོང་ཆེད། ཚེས་20ཉིན་གྱི་སྔ་དྲོ་ལྗོངས་ཡོངས་ཀྱི་སྤྱི་བདེ་ཁོངས་གཏོགས་ཀྱི་ཉེན་དོན་དང་དངོས་འཐབ་ཤེས་བྱ་དང་རྩལ་ནུས་འགྲན་བསྡུར་བྱེད་སྒོ་སྐབས་གཉིས་པ་དངོས་སུ་འགོ་ཚུགས་པ་རེད།
ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི། ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་ཏིང་ཡེ་ཤན་གྱིས་བྱེད་སྒོ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧོ་ཝུན་ཧའོ་ཡིས་གསུང་བཤད་གནང་བ་རེད།
འགོ་ཚུགས་མཛད་སྒོའི་ཐོག་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་འབྲེལ་ཡོད་ཉེན་རྟོག་རིགས་དང་སྡེ་ཚན་གྱི་མི་དམངས་ཉེན་རྟོག་པ(ལས་རོགས་ཉེན་རྟོག་པ)530ལྷག་ཙམ་གྱིས་དྲག་རྩལ་དང་། འགྲིམ་འགྲུལ་བཀོད་འདོམས་པའི་ལག་བརྡ། ཉེན་རྟོག་སྦག་སྦག་གི་རྩལ་ནུས་ངོམ་སྟོན། དམིགས་བསལ་འཐབ་རྩལ། “PTU”ཡི་དམག་འཐབ་ཚན་པ་ཐག་གཅོད་སོགས་ཚན་པ་7གྱི་སྙན་སེང་དམག་སྦྱོང་བྱས་ནས་སྐབས་འདིའི་འགྲན་བསྡུར་གྱི་འགོ་ཚུགས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲན་བསྡུར་བྱེད་སྒོ་གཉེར་བའི་དུས་ཚོད་ནི་ཟླ་9ཚེས་17ནས་23ཉིན་བར་ཡིན་པ་དང་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་བདུན་གྱི་སྤྱི་བདེ་ཅུས་དང་དེ་བཞིན་ལྷ་ས་ལྕགས་ལམ་སྤྱི་བདེ་ཁྲུའུ་དང་བོད་ལྗོངས་ཉེན་རྟོག་མཐོ་རིམ་ཆེད་སྦྱོང་སློབ་གྲྭའི་འཐུས་མི་རུ་ཁག་9ཡི་ཉེན་རྟོག་ལས་རིགས་ཀྱི་ཉེན་རྟོག་པ་གོ་ཧྲག་260ལྷག་ཙམ་རྒྱུན་མཁོའི་འཕེན་གཏོང་དང་། རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་རྒྱུགས་སྤྲོད། ཆ་འཕྲིན་མ་ལག་བཀོལ་སྤྱོད། གྱོད་དཔེ་ཞིབ་དཔྱད། “འཛུགས་སྐྲུན་ཁག་བཞིའི”སློབ་ཚན་ཐུང་གྲས་དང་ཡོངས་བསྒྲགས་སློབ་ཚན། ཉེན་རྟོག་ཁྱིའི་ལག་རྩལ་དངོས་འཐབ་རྩལ་ནུས། འགྲིམ་འགྲུལ་དོ་དམ་ལས་སྒོའི་རྩལ་ནུས། དྲ་རྒྱའི་བདེ་འཇགས་དངོས་འཐབ་རྩལ་ནུས་སོགས་རིགས་ཆེ་བ་2དང་རྣམ་གྲངས་ཁག་7གྱི་ཕྱོགས་བསྡུས་འགྲན་བསྡུར་དང་ལས་སྒོའི་འགྲན་བསྡུར་ལ་ཞུགས་རྒྱུ་རེད།
འགོ་ཚུགས་མཛད་སྒོ་མཇུག་འགྲིལ་རྗེས་ཏིང་ཡེ་ཤན་དང་བཅས་པས་ད་དུང་ཉེན་རྟོག་སྒྲིག་ཆས་འགྲེམས་སྟོན་དང་ལྗོངས་ཡོངས་ཀྱི་སྤྱི་བདེ་ཁོངས་གཏོགས་ཀྱི་སློབ་གསོ་སྦྱོང་བརྡར་ལས་དོན་གྱི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་པ་དང་འབྲེལ། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དམིགས་བསལ་ཉེན་རྟོག་ཉིང་ལག་རུ་ཁག་གི་འཛུགས་སྐྱོང་གནས་ཚུལ་ལ་ཞིབ་བཤེར་དང་མཛུབ་ཁྲིད་ཀྱང་གནང་བ་རེད།