2017ལོར་ཀོང་ཀྲོའུ་ལྷོ་ཕྱོགས་སྨན་ཁང་མཆིན་མཁྲིས་ཕྱི་བཅོས་ཚན་ཁག་གི་ཀྲུའུ་རེན་གཞོན་པ་སྨན་པ་དཀའ་བཅུ་པ་ལི་ཁྲོན་ཅང་ལ་སྨན་ཁང་གི་ཁོའོ་ཧྲིའི་ཀྲུའུ་རེན་གྱི་ཁ་པར་ཞིག་འབྱོར། ཁོང་ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་ལ་དུས་ཡུན་ལོ་གཅིག་གི་བོད་སྐྱོར་ལས་དོན་སྤེལ་བར་བསྐྱོད་དེ་ས་གནས་དེ་གའི་སྨན་བཅོས་ཆུ་ཚད་ལེགས་སུ་གཏོང་རྒྱུར་བསམ་གཞིག་བྱ་རྒྱུའི་རེ་བ་བཏོན།
“བརྡ་ཐོ་འབྱོར་རྗེས་རང་ཉིད་དངངས་འཚབ་ཅུང་ལངས་པ་དང་ཐེ་ཚོམ་ཡང་སྐྱེས། བོད་དུ་རོགས་སྐྱོར་བྱེད་པར་བསྐྱོད་རྒྱུ་བྱུང་བ་ནི་སྤོབས་པ་སྐྱེ་འོས་པའི་བྱ་བ་ཞིག་རེད”བསམ་བློ་མང་པོ་མ་བཏང་བར་ལི་ཁྲོན་ཅང་གིས་བོད་དུ་བསྐྱོད་རྒྱུའི་སེམས་ཐག་བཅད། ཁོང་གི་ནང་མིས་གནད་ཚུལ་དེ་ཤེས་རྗེས་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད་པ་རེད།
2015ལོའི་ཟླ་8པར་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་སྤེལ་འགོ་ཚུགས་ཚུན། ཀོང་ཏུང་ཞིང་ཆེན་གྱིས་སྔ་རྗེས་སུ་བོད་སྐྱོར་ལས་དོན་རུ་ཁག་ཁག་3ལ་བགོས་ནས་སྨན་བཅོས་ཤེས་ལྡན་པ་54བོད་དུ་ལས་ཀ་བྱེད་པར་མངགས་པ་དང་། ཁག་4པའི་རིགས་གཅིག་མཁས་ཅན་36གིས་ས་གནས་ས་ཐོག་ཏུ་རིམ་པ་གཏོད་འཛུགས་ལ་མཛུབ་ཁྲིད་བྱས་པ། ཁག་གཉིས་པས་བབ་བསྟུན་ཤེས་ལྡན་པ་33ནང་འདྲེན་བྱས་ཏེ་བརྒྱུད་རོགས་ཁྲིད་གསུམ་གྱི་ལས་དོན་སྤེལ་བ་སོགས་བྱས་པ་རེད།
ཞན་ཆ་གསབ་པ་དང་སྟོང་ཆ་བསྐངས་ཏེ་ལག་གདང་དཔུང་སྦྲེལ་གྱིས་སྤུས་ལེགས་སྨན་བཅོས་ཀྱི་མཐོ་ཚད་གསར་པ་བཏོད་པ།
སྨན་བཅོས་ཆུ་ཚད་ནི་སྨན་ཁང་གི་སྨན་བཅོས་སྤུས་ཚད་དང་མི་དམངས་མང་ཚོགས་ཀྱི་བློ་ཡིད་ཚིམས་ཚད་ལ་ཚད་འཇལ་བའི་ཚད་ཤིང་གལ་ཆེན་ཞིག་རེད།
ལོ་གསུམ་རིང་ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་རིགས་གཅིག་མཁས་ཅན་གྱིས་ཉིང་ཁྲིའི་སྨན་བཅོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྨན་དོན་མི་སྣའི་ལག་རྩལ་བྱང་ཆུབ་པོ་མེད་པ་དང་། ཁོའོ་ཧྲི་འཐུས་སྒོ་ཚང་པོ་མེད་པ། མཁྲེགས་ཆས་འཐུས་སྒོ་ཚང་པོ་མེད་པ་སོགས་ཀྱི་གནད་དོན་ལ་དམིགས་ནས་སྔོན་ཐོན་གྱི་དོ་དམ་བྱེད་ཐབས་དང་། ལག་རྩལ། འདུ་ཤེས་བཅས་ནང་འདྲེན་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཐོན་ཁུངས་བཀོད་སྒྲིག ཞིབ་ཚགས་ཅན་གྱི་དོ་དམ་ལག་བསྟར་བཅས་བྱས་ནས་ཐོན་དབང་གསལ་པོ་དང་། འགན་དབང་ཁ་གསལ། འཁོར་སྐྱོད་ནུས་ཆེ། དོ་དམ་ཚན་རིག་དང་མཐུན་པ་བཅས་ཀྱི་དེང་རབས་སྨན་ཁང་གི་དོ་དམ་མ་ལག་རིམ་བཞིན་བཙུགས་པས་ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྨན་བཅོས་ཆུ་ཚད་རིམ་བཞིན་མཐོ་རུ་ཕྱིན་པ་དང་སྨན་ཁང་གི་སྟོང་ཆ་དང་ཞན་ཆ་གསབ་ཡོད་པ་རེད།
“བོད་སྐྱོར་རིགས་གཅིག་མཁས་ཅན་གྱི་མཛུབ་ཁྲིད་དང་རོགས་རམ་འོག་ང་ཚོའི་སྨན་ཁང་ལ་དེ་སྔ་ལས་སྒོའི་ཁོའོ་ཧྲི་24ཡོད་པ་ནས་ཆེད་ལས་ཁོའོ་ཧྲི་52བར་མང་དུ་བཏང་བ་དང་། ད་དུང་གཙོ་གནད་ཆེད་ལས་ཚན་ཁག་3དང་ཁྱད་ལྡན་ཆེད་ལས་ཚན་ཁག་3གསར་དུ་བཙུགས་ནས་ལག་རྩལ་གསར་པ་40དང་ཚན་ཞིབ་རྣམ་གྲངས་23སྤེལ་བ། རིགས་གཅིག་མཁས་ཅན་གྱི་སྒོ་བསྟེན་སྨན་བཅོས་6མང་དུ་བཏང་བ་དང་། སྨན་བཅོས་ཀྱི་ལྟེ་བའི་ནུས་པ་འཛོམས་པའི་ཚན་ཁག་གསར་དུ་བཙུགས་ནས་ཁྱབ་ཁོངས་14ཡི་སྟོང་ཆ་བསྐངས་ཡོད”ཅེས་ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཏང་ཨུད་ཧྲུའུ་ཅི་ཡོན་ཝུའེ་ཧུང་གིས་ངོ་སྤྲོད་བྱས།
ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཀ་པ་རིམ་པ་གསུམ་པའི་སྨན་ཁང་གཏོད་པའི་ལས་འགན་གང་མགྱོགས་བསྒྲུབ་རྒྱུར་རོགས་རམ་བྱ་ཆེད། ཀོང་ཏུང་ཞིང་ཆེན་མི་དམངས་སྨན་ཁང་གིས་ཀྲུའུ་རེན་སྨན་པ་དཀའ་བཅུ་པ་ལི་ཤིན་ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་དུ་ཡོན་ཀྲང་གི་འགན་ཁུར་བར་ཆེད་མངགས་མངགས་པ་དང་ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཁོའོ་ཧྲིའི་དོ་དམ་དང་། ཚན་ཁག་འཛུགས་སྐྱོང་། སྨན་བཅོས་ལས་སྒོ ཀ་པ་རིམ་པ་གསུམ་པའི་སྨན་ཁང་གཏོད་པའི་རེ་ཞུ་སོགས་ཀྱི་ལས་དོན་གྱི་འགན་ཁུར་དུ་བཅུག་ཅིང་སྒོར་ཁྲི་1500ཙམ་རི་བའི་DSAཡི་མ་ལག་ཞལ་འདེབས་ཕུལ་བ་དང་ཆབས་ཅིག་དུས་ཐུང་ནང་། ཟོག་འགྲེམས་དང་། སྒྲིག་སྦྱོར། སྙོམས་སྒྲིག་ཚོད་ལྟ། བེད་སྤྱོད་བཅས་བྱས་ནས་ནད་ཐོག་སྨན་བཅོས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཐག་གཅོད་བྱས་པ་རེད།
དཔུང་ཁག་གི་སྣེ་ཁྲིད་དེ་འཇོན་ཐང་ཆེ་རུ་བཏང་ནས་ལག་རྩལ་བྱང་ཆུབ་པའི་སྨན་བཅོས་ཤེས་ལྡན་པ་གསོ་སྐྱོང་བྱས་པ།
ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྨན་བཅོས་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་བར་ངེས་པར་དུ་འབྱུང་རྩ་ནས་བཅོས་སྐྱོང་གིས་ཉིང་ཁྲིའི་སྔོན་ཐོན་གྱི་སྨན་བཅོས་དཔུང་ཁག་ཅིག་གཏོད་དགོས།
དེར་བརྟེན་བོད་སྐྱོར་སྨན་བཅོས་རུ་ཁག་གིས“གཞན་བརྟེན་རྣམ་པའི”རོགས་སྐྱོར་ནས“རང་བརྟེན་རྣམ་པའི”རོགས་སྐྱོར་ལ་བསྒྱུར་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ། བོད་སྐྱོར་རིགས་གཅིག་མཁས་ཅན་54ཡིས་སྔ་རྗེས་སུ་ས་གནས་དེ་གའི་སྨན་བཅོས་རྐང་འཛིན་པ་113དང་ཆ་སྒྲིག་རོགས་ཁྲིད་ཀྱི་འབྲེལ་བ་བཙུགས་ཏེ་ཁོང་ཚོར་སྨན་བཅོས་ཆུ་ཚད་མཐོ་རུ་གཏོང་རོགས་བྱས་པ་རེད། དེ་དང་ཆབས་ཅིག“ཕྱིར་སྐྱོད་པ་དང་ནང་དུ་གདན་དྲངས་པ”སོགས་ཀྱི་བྱེད་སྟངས་སྤྱད་དེ་ཚན་ཁག་གི་རྐང་འཛིན་པ་116རོགས་སྐྱོར་བྱ་ཡུལ་སྨན་ཁང་དུ་རིག་གཞུང་སྤེལ་རེས་དང་སློབ་སྦྱོང་བྱེད་པར་མངགས་པ་དང་ཆབས་ཅིག འབྲེལ་ཡོད་རིགས་གཅིག་མཁས་ཅན་གདན་དྲངས་ནས་ཉིང་ཁྲིར་སློབ་ཚན་ཁྲིད་པ་དང་དུས་ཐུང་གི“བརྒྱུད་རོགས་ཁྲིད”གསུམ་གྱི་བྱེད་སྒོ་སྤེལ་བ་རེད།
མིག་སྔར་ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་ལ་ས་གནས་དེ་གའི་སྨན་བཅོས་རྐང་འཛིན་པ་69ཡོད་པ་དང་སྨན་པ་14ཡིས་བུད་མེད་ཚན་ཁག་གི་གསུས་ཤེལ་རིམ་པ་གསུམ་པ་དང་བཞི་པ་སོགས་ཀྱི་གཤགས་བཅོས་རང་སྐྱ་འཕེར་བའི་ངང་ལེགས་སྒྲུབ་ཐུབ་པ་དང་། བུད་མེད་ཚན་ཁག་གི་འབྲས་སྐྲན་གཤགས་བཅོས་དང་ཀླད་སྐྲན་གཤགས་བཅོས་སོགས་ཁྱབ་ཁོངས་5ལ་ཚད་བརྒལ་བྱུང་སྟེ་ནམ་ཡང་གནས་ཐུབ་པ་དང་། ཆུ་ཚད་མཐོ་བ། ཉམས་སད་ཐེག་ཐུབ་པ་བཅས་ཀྱི་ས་གནས་ཀྱི་སྨན་བཅོས་ཤེས་ལྡན་པའི་དཔུང་ཁག་ཅིག་དངོས་འབྲེལ་གསོ་སྐྱོང་བྱས་པ་རེད།
གསར་གཏོད་གསར་པ་དང་དམངས་སེམས་གཅིག་ཏུ་སྦྲེལ་ནས་མི་རིགས་མཐུན་སྒྲིལ་ཆེ་མོར་སྐུལ་འདེད་བཏང་བ།
བོད་སྐྱོར་བྱེད་རིང་། རྒྱ་ཆེའི་སྨན་བཅོས་བོད་སྐྱོར་ཤེས་ལྡན་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས”ཞེས་པའི་མཛུབ་སྟོན་གྱི་དགོངས་པ་གལ་ཆེན་ལག་བསྟར་ནན་ཏན་བྱས་ནས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་རྒྱུ་དེ་བོད་སྐྱོར་སྨན་བཅོས་ཀྱི་ལག་ལེན་ནང་བཅུག་སྟེ་གཞི་རིམ་དང་མང་ཚོགས་ཀྱི་ཁྲོད་དུ་བསྐྱོད་དེ་བློ་གཅིག་སེམས་གཅིག་གིས་མི་སེར་ལ་བསམ་བློ་བཏང་ནས་ཏན་ཏན་ཏིག་ཏིག་ངང་བརྩེ་བ་ཟམ་མོ་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་ཁོངས་སུ་ཚོར་བར་བྱས་ཡོད།
“ན་ནིང་ང་ཚོའི་སྨན་ཁང་ལ་མེ་ཏོག་རྫོང་སྨན་ཁང་ནས་བསྒྱུར་བའི་ནད་པ་ཞིག་འབྱོར་བ་དང་། སྐབས་དེར་ནད་པ་རིག་པ་གསལ་པོ་མེད་ལ་ནད་གཞི་ལྕི་བས་གཅིན་དུག་ཕོག་པའི་ནད་དང་ཁྲག་ནང་ཅཱ་ཚྭ་མཐོ་བའི་ནད་དཔྱད་བྱས་ཡོད། འོན་ཀྱང་ནད་པ་ཉིང་ཁྲིའི་ས་མཐོའི་ཁོར་ཡུག་ལ་མི་འཕྲོད་པས་མེ་ཏོག་ལ་ལོག་ནས་སྨན་བཅོས་བྱེད་རྒྱུའི་རེ་བ་མཐའ་འཁྱོངས་བྱེད་ཀྱི་ཡོད”ཅེས་བོད་སྐྱོར་སྨན་པ་ལིའུ་ཆིང་ཧྭས་གསར་འགོད་པར་བཤད་པ་དང་། ཁོང་གིས་མེ་ཏོག་རྫོང་ལ་ཟུངས་ཁྲག་གཙང་གསིང་གི་ཆ་རྐྱེན་མེད་པས་ལོག་ཕྱིན་ན་སྨན་བཅོས་མ་བྱས་པ་དང་གཅིག་མཚུངས་ཡིན་པ་དང་སྐྱོབ་བཅོས་ཀྱི་རེ་བ་དང་བྲལ་བས་ནད་པ་དང་ནང་མིའི་དབར་འབྲེལ་གཏུག་མང་པོ་བྱས་མཐར་ནད་པ་དང་ནང་མིས་ཉིང་ཁྲིར་སྨན་བཅོས་བྱེད་རྒྱུའི་མོས་མཐུན་བྱས།
གཤགས་བཅོས་གོང་གྲ་སྒྲིག་གང་ལེགས་བྱུང་བ་ལས་གཤགས་བཅོས་ལམ་ལྷོངས་བྱུང་ཡོད། བོད་སྐྱོར་སྨན་གཡོག་གི་གཡོག་བྱེད་གང་ ལེགས་འོག་ནད་པའི་ནད་གཞི་གང་མགྱོགས་དྲག་སྐྱེད་བྱུང་བ་དང་ནད་པའི་ནང་མིས་བོད་སྐྱོར་སྨན་པར་མཐེ་བོང་སྒྲེང་བཞིན་སེམས་འགུལ་ཆེན་པོས“ཐུགས་རྗེ་ཆེ། ཐུགས་རྗེ་ཆེ”ཞེས་བཤད།
“ནད་པའི་ཟོལ་མེད་ཀྱི་འཛུམ་མདངས་དང་སེམས་ཀྱི་གཏིང་ནས་ཐོན་པའི་ཐུགས་རྗེ་ཆེ་ཞུས་པ་དེ་ནི་ང་ཚོའི་ལས་ཀར་ཁས་ལེན་བྱས་པ་ཞིག་ཡིན་པ་མ་ཟད་ང་ཚོས་འབད་འཐབ་ལྷོད་མེད་བྱེད་པའི་སྒུལ་ཤུགས་ཤིག་དེ་བས་རེད”ཅེས་ལིའུ་ཆིང་ཧྭ་ཡིས་བཤད།
གཞན་ཡང་། བོད་སྐྱོར་སྨན་བཅོས་རུ་མིས་རང་ངོས་ཀྱི་དགེ་མཚན་ལྡན་པའི་ཆ་རྐྱེན་འདོན་སྤེལ་གང་ལེགས་བྱས་ཏེ་མངགས་གཏོང་བྱ་ཡུལ་དུ་ཉིང་ཁྲི་དྲིལ་བསྒྲགས་དང་འོས་སྦྱོར་བྱས་ནས་མི་དེ་བས་མང་བས་ཉིང་ཁྲིར་དོ་ཁུར་དང་རྒྱབ་སྐྱོར་གྱིས་རོགས་སྐྱོར་བྱེད་མཁན་དང་རོགས་སྐྱོར་བྱ་ཡུལ་ཕྱོགས་གཉིས་ཀྱི་སྤེལ་རེས་ཀྱི་འབྲེལ་ཟམ་དང་། གཅིག་སེམས་གཅིག་སྦྲེལ་གྱི་ཟམ་པ། མཛའ་གྲོགས་ཟམ་པ་བཅས་ཧུར་ཐག་བསྐྲུན་ནས་སྨན་བཅོས་བོད་སྐྱོར་ལས་དོན་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་བཏང་བ་རེད། མིག་སྔར་ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་དང་ཀོང་ཏུང་ཞིང་ཆེན་མི་དམངས་སྨན་ཁང་སོགས་སྨན་ཁང་6མཛའ་གྲོགས་སྨན་ཁང་དང་གཅེན་གཅུང་སྨན་ཁང་ལ་གྱུར་ནས་ལྷོ་ཕྱོགས་གསོ་རིག་སློབ་ཆེན་ལྷོ་ཕྱོགས་སྨན་ཁང་དང་རྒྱང་ཁྲིད་གསོ་རིག་ལྟེ་གནས་བཙུགས་པ་དང་། གྲོང་ཁྱེར་ཡོངས་ཀྱི“1+7”གྱི་སྨན་ཁང་ཚང་མས་རྒྱང་ཁྲིད་མཉམ་རུབ་ནད་དཔྱད་མ་ལག་དང་ཕྱོགས་གསུམ་པའི་ནད་དཔྱད་ལས་སྟེགས་བསྐྲུན་པའམ་ཡང་ན་སྐྲུན་བཞིན་ཡོད་པས་འགྲིམ་འགྲུལ་སྟབས་བདེ་མེད་པ་སོགས་ཀྱིས་རྐྱེན་པས་མང་ཚོགས་ཀྱི་ནད་གཞི་ལྟ་དཀའ་བའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཡོད།