བོད་ལྗོངས་ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་ནི་ཀྲུང་གོའི་ས་བབ་མཐོ་ཤོས་ཀྱི་ས་ཁུལ་གྲོང་ཁྱེར་རིམ་པའི་སྨན་ཁང་ཞིག་ཡིན་ཞིང་། སྨན་པ་པན་ཡུན་ཁྲའོ་ཁོང་ལེའོ་ཉིང་ཞིང་ཆེན་གྱི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་རུ་ཁག་ནང་ཞུགས་ཚུན་གྱི་གཤགས་བཅོས་ཐེངས་33པ་བྱས་ནས་སླར་ཡང་བོད་རིགས་སྤུན་ཟླ་ཞིག་གི་སྲོག་བསྐྱབས་པ་རེད།
“ཐུགས་རྗེ་ཆེ”ཞེས་ནད་པའི་བུ་མོས་ངུ་བཞིན་དུ་དེ་ལྟར་བཤད།
ནད་པའི་ནང་མིས་ལག་ཟུང་ཐལ་མོ་སྦྱར་ནས་མགོ་བོ་དུད་ཅིང་ལྕེ་ མནར་ནས་ཁོང་ལ་བཀའ་དྲིན་ཆེ་ཞུས། པན་ཡུན་ཁྲའོ་ཡང་མིག་མཐའ་མཆི་ཞག་འཁོར་ཞིང་། བོད་དུ་སླེབས་ནས་ཟླ་9སོང་བའི་ཁོང་གིས་འདི་ནི་བོད་རིགས་སྤུན་ཟླའི་ཆེས་བླ་ན་མེད་པའི་གུས་སྲོལ་ཡིན་པ་གསལ་པོ་ཤེས་ཀྱི་ཡོད།
ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་ལེའོ་ཉིང་ནས་ཡོང་བའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་རུ་ཁག་ཁག་གསུམ་པར་བཅར་འདྲི་ཞུས་པ་ཡིན། ཉིན་མཚན་བལྟོས་མེད་གློག་སྤར་བའི་གཤགས་བཅོས་ཁང་དུ་ནད་པ་མང་པོའི་ཚེ་སྲོག་བསྐྱབས་པའི་མི་སེམས་འགུལ་བའི་ལེའུ་བཏོད་ཡོད།
ངས་ནུས་ཤུགས་ཡོད་རྒུས་ཚེ་སྲོག་སྐྱོབ་ཐབས་བྱེད།
“གཤགས་བཅོས་བྱེད་དོ”ཞེས་པན་ཡུན་ཁྲའོ་ཡིས་བོད་རིགས་ལས་རོགས་སྨན་པ་རྣམ་རྒྱལ་ལ་དེ་ལྟར་བཤད། དེ་ནི་ཐག་གཅོད་དཀའ་བའི་དོན་ཞིག་རེད། ནད་གཞི་བརྟག་དཔྱད་བྱས་འབྲས་ཚང་མ་ལས་སྤྱིར་ན་གསོན་རེ་མེད་པ་མངོན་པ་དང་། གཤགས་བཅོས་མ་བྱས་ཚེ་མྱུར་དུ་ཤི་བ་དང་། ཀླད་པ་གཤགས་རྗེས་ཀྱང་ཁྲག་མང་པོ་ཐོན་སྲིད་པ་སོགས་ཀྱི་གནས་ཚུལ་མང་དག་འཕྲད། ཡིན་ནའང་པན་ཡུན་ཁྲའོ་ཡིས་ཐེ་ཚོམ་ཅི་ཡང་མེད་པར་ཚེ་སྲོག་སྐྱོབ་པའི་དུས་ཚོད་སྐད་ཅིག་ཙམ་ཡང་ནར་འགྱངས་བྱས་མེད།
“ངའི་པ་ཕ་སྐྱོབ་རོགས་གནང”ཞེས་ནད་པའི་བུ་མོ་དེས་ངུ་བཞིན་བརྗོད་པ་དང་། ཁོ་མོས“བོད་སྐྱོར་རིགས་གཅིག་མཁས་ཅན་ཚོགས་པ་ཁྱེད་ཚོ་ཡོད་པས་ང་ཚོས་གཤགས་བཅོས་དེ་བྱེད་འདོད་འདུག”ཅེས་བཤད་པ་རེད།
དེ་ལྟར་པན་ཡུན་ཁྲའོ་དེ་བས་བློ་ཐག་ཆོད་རུ་ཕྱིན་ནས“སྐབས་དེ་དུས་ངས་གཤགས་བཅོས་གཅིག་བྱས་ཚར་མ་ཐག་ཡིན། དཀའ་ལས་ཁག་པོ་བྱུང་། ཡིན་ནའང་། བོད་རིགས་སྤུན་ཟླའི་ཡིད་ཆེས་ཆུད་ཟོས་སུ་གཏོང་མི་རུང་ལ། རང་ཉིད་བློ་ཕམ་མི་ཡོང་བྱ་རྒྱུ་ཡིན”ཞེས་བརྗོད།
“ཨེམ་ཆི་པན་ལགས་ཀྱིས་ཉིན་16ནང་ཉིན་མཚན་6བསྟུད་མར་གཤགས་བཅོས་ཐེངས་10བྱེད་མྱོང་ཡོད”ཅེས་རྣམ་རྒྱལ་གྱིས་བཤད་པ་དང་། ཁོང་གིས“ཁོང་དང་མཉམ་དུ་ལས་ཀ་བྱས་པ་བརྒྱུད། ངས་གསོ་རིག་ཤེས་བྱ་མང་པོ་ཤེས་བྱུང་ལ། དེ་བས་སྨན་པ་ཞིག་གི་འགན་འཁྲི་དང་དེ་བཞིན་ཚེ་སྲོག་ལ་གཅེས་སྤྲས་བྱེད་དགོས་ལུགས་ཤེས་བྱུང”ཞེས་བཤད།
ཡང་བསྐྱར་གཤགས་བཅོས་ཐེངས་གཅིག་བྱེད་དགོས་ཀྱང་བློས་གཏོང་གཏན་ནས་བྱ་རྒྱུ་མིན།
“ཚང་མས་བློས་གཏོང་རྩིས་མ་བྱེད། ད་དུང་རེ་བ་ཕྲན་བུ་འདུག”ཅེས་དོས་དྲག་ཚན་ཁག་གི་བོད་སྐྱོར་སྨན་པ་དབྱང་ལིན་གྱིས་བརྗོད།
ནད་པ་དེ་ནི་གློ་བུར་དུ་བྲང་ཁོག་ལ་ན་ཚ་བཏང་ནས་སྨན་ཁང་ལ་ཡོང་བ་ཞིག་ཡིན་པ་དང་། མྱུར་སྐྱོབ་ཁང་དུ་བསྐྱལ་མ་ཐག་སྙིང་གཡུག་མཚམས་ཆད་པ་དང་དེ་རྗེས་དྲན་པ་ཐོར།
མྱུར་སྐྱོབ་བྱ་ཐབས་རབ་དང་རིམ་པ་ཛ་དྲག་ལ་གོ་རིམ་ལྡན་པའི་ངང་སྤྱད་པ་བརྒྱུད། ནད་པ་དེའི་སྙིང་མཚམས་རེ་ཐེངས་རེ་གཉིས་གཡུག་པ་དང་དེ་རྗེས་དེ་མུར་གཡུག་མཚམས་ཆད།
དབྱང་ལིན་གྱིས“ནད་པ་དེ་མྱུར་སྐྱོབ་བྱེད་སྐབས་རེ་བ་ཕྲན་བུ་ཡོད་ཚེ་དེ་སླར་ཡང་ང་ཚོར་མྱུར་སྐྱོབ་བྱ་རྒྱུའི་འགན་འཁྲི་ཡོད”ཅེས་བརྗོད།
“བློས་གཏོང་གི་མིན”ཞེས་དབྱང་ལིན་གྱིས་བརྗོད་པ་དང་། ཁོང་གིས“སྨན་པ་ཞིག་གིས་ངེས་པར་དུ་ཚེ་སྲོག་སྐྱོབ་པའི་འགན་མཐར་ཕྱིན་པ་འཁུར་དགོས”ཞེས་བརྗོད།
“ཁྱེད་རྣམ་པས་ཁོ་བོ་གཤིན་རྗེའི་ཁ་ནས་བསྐྱབས་སོང”ཞེས་བོད་རིགས་ནད་པ་དེའི་ནང་མིས་དཀར་གཙང་མཇལ་དར་འདེགས་བཞིན་དུ“ད་ཐེངས་ཁོའི་ཚེ་སྲོག་དེ་ཁྱེད་རྣམ་པས་སྦྱིན་པ་ཞིག་རེད”ཅེས་བཤད།
བོད་སྐྱོར་བྱས་པའི་ལག་རྟགས། དཀའ་ཚེགས་དང་བསྡུར་ན་གྲུབ་འབྲས་མང་བ།
2017ལོའི་ཟླ་7པར། ལེའོ་ཉིང་ཞིང་ཆེན་བོད་སྐྱོར་སྨན་བཅོས་རུ་ཁག་གི་རོགས་རམ་འོག་ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་གིས་ICUཚན་ཁག་བཙུགས་པ་རེད། འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་ICUཚན་ཁག་དེའི་ནང་ནད་གཞི་ལྕི་པོ་ཕོག་པའི་བོད་བྱང་ཐང་གི་འབྲོག་པ་མང་ཚོགས་མང་པོ་ཞིག་གི་ནད་གཞི་གཤགས་བཅོས་ཐུབ་ཡོད་པ་རེད།
བོད་སྐྱོར་ལས་དོན་གྱི་མྱོང་ཚོར་སྐོར་གླེང་སྐབས། ICUཚན་ཁག་གི་ཀྲུའུ་རེན་ལི་ཆིང་ཏུང་གིས“ངའི་བུ་དང་གསོ་རིག་དཔྱད་རྩོམ་གཉིས་ཀ་བོད་སྐྱོར་བྱས་པའི་ལག་རྟགས་ཡིན”ཞེས་བརྗོད།
དེ་ཡང་ཟླ་5པའི་ཉིན་ཞིག་མངའ་འཁོར་ནས་གཟའ་འཁོར་30སོང་བའི་རང་གི་ཆུང་མའི་གཟུགས་གཞི་ཡག་པོ་མེད་པས་སྨན་པས་གྲོད་ཁོག་གཤགས་ནས་ཕྲུ་གུ་བཙའ་རྒྱུའི་གྲོས་འགོ་བཏོན་པ་དང་། དེ་ལྟར་མ་བྱས་ཚེ་མ་བུ་གཉིས་ཀར་ཉེན་ཁ་ཡོད་པའི་ཁ་པར་ཞིག་འབྱོར། ལི་ཆིང་ཏུང་གིས་ནག་ཆུ་ནས་ལྷ་སར་བསྐྱོད་པའི་མེ་འཁོར་སྤ་སེ་ཞིག་ཉོས་ནས་ལྷ་ས་ནས་ཧྲན་དབྱང་དུ་གནམ་གྲུར་བསྡད་ནས་ལོག་རྒྱུའི་གྲ་སྒྲིག་བྱས་པ་རེད།
ཆུ་ཚོད་3ལྷག་ཙམ་གྱི་འགྲུལ་བཞུད་ནི་ཁོང་གི་མི་ཚེའི་ནང་གི་ལམ་ཐག་རིང་ཤོས་ཀྱི་འགྲུད་བཞུད་དེ་ཡིན་པའི་མྱོང་ཚོར་བྱུང་ཞིང་། མེ་འཁོར་དེའི་ཐོག་ལག་ཐོགས་ཁ་པར་ཐོག་ཕྲུ་གུ་དམར་འབྱར་གྱི་ངུ་སྒྲ་སྒྲོག་པའི་བརྙན་ལམ་འབྱོར་བ་རེད།
ཁྱིམ་དུ་ཆུང་མར་ལྟ་རྟོག་བྱེད་པའི་དུས་ཚོད་ནང་ད་དུང་ཁོང་གིས་རིག་ཚན་ཞིབ་འཇུག་བྱེད་མཚམས་བཞག་མེད“ངའི་བུ་སྐྱེས་མ་ཐག་པའི་སྐབས་སུ་ལྟེ་ཐག་གཉན་ཚད་ཕོག་ཡོད། ནད་གཞི་དེ་ཐོན་ཚད་གོ་ལ་ཧྲིལ་པོར་ཁྲི་ཉི་ཤུའི་ཆ་གཅིག་རེད། ངས་ཕྲུ་གུའི་ནད་གཞི་བྱུང་རིམ་ཚང་མ་ཟིན་ཐོ་བཀོད་ནས་སླར་ཡང་གསོ་རིག་དཔྱད་རྩོམ་ཞིག་སྤེལ་རྒྱུའི་གྲ་སྒྲིག་བྱས་པ་ཡིན། དེ་ཡང་ངའི་བོད་སྐྱོར་གྱི་གྲུབ་འབྲས་ཤིག་ཡིན”ཞེས་བརྗོད།
རྔུལ་ཆུའི་ཐིགས་པ་གྲངས་མེད་བཏོན་པ་དང་། གྲུབ་འབྲས་དེ་བས་མང་བ་ཐོབ་པའི་མྱོང་ཚོར་བྱུང་ཞིང་། ལེའོ་ཉིང་ཞིང་ཆེན་སྨན་བཅོས་བོད་སྐྱོར་གྱི་རུ་སྣེ་འཁྲིད་མཁན་ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཡོན་ཀྲང་མཱ་ལིང་ཝུན་གྱིས“ང་ཚོས་ཚེ་སྲོག་ལ་ཆེས་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན། ནད་པ་རེ་རེ་བསྐྱབས་རྗེས་ང་ཚོ་བློ་ཡིད་ཚིམ་པོ་དང་། དགའ་ཚོར། ལས་རིགས་ཀྱི་གྲུབ་འབྲས་མྱོང་ཚོར་བཅས་གང་ཞིག་ལས་ཀྱང་ལྷག་པ་འདུག”ཅེས་བརྗོད་པ་རེད།