ཟླ་8ཚེས་16ཉིན། མཚོ་སྔོན་ཞིང་ཨུད་རྩ་འཛུགས་པུས“མཚོ་སྔོན་གྱི་ཏང་འཛུགས་སྐྱོང”ཞེས་པའི་རིམ་སྤེལ་སྨྱན་སྦྱོར་གསར་པའི་ལས་སྟེགས་ཤར་གཏོང་མཛད་སྒོ་གཉེར་བ་དེ་ཐོག་ནས་མཚོ་སྔོན་གྱི་ཏང་འཛུགས་སྐྱོང་ཆ་འཕྲིན་ཅན་དུ་བསྐྲུན་རྒྱུ་དེ་བརྙན་འཕྲིན་དང་། གློག་ཀླད། ལག་ཐོགས་ཁ་པར་བཅས་སྨྱན་སྦྱོར་ཁག་གསུམ་ནས་ལྟ་ཐུབ་པའི་དུས་རབས་གསར་པར་སླེབས་པ་མཚོན་གྱི་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། “མཚོ་སྔོན་གྱི་ཏང་འཛུགས་སྐྱོང”ཞེས་པའི་རིམ་སྤེལ་སྨྱན་སྦྱོར་གསར་པའི་ལས་སྟེགས་ནི་མཚོ་སྔོན་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་ཐོག་བཏོན་པའི“‘དྲ་སྦྲེལ+མཚོ་སྔོན་གྱི་ཏང་འཛུགས་སྐྱོང’གི་དཔེ་དབྱིབས་གསར་པ་གཏོད་པའི”བླང་བྱ་གཞིར་བཟུང་། མིག་སྔའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་བསྟུན་ཏེ་དྲ་སྦྲེལ་བསམ་བློའི་ཐོག་ནས་ཏང་འཛུགས་སྐྱོང་ལས་དོན་ལ་སྐུལ་འདེད་གཏོང་བའི་གསར་གཏོད་བྱ་ཐབས་ཤིག་ཡིན། དེའི་དམིགས་ཡུལ་ནི་སྨྱན་སྦྱོར་གསར་པའི་ལག་རྩལ་གང་ལེགས་སྤྱད་དེ་ཏང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་དེ་བས་ལེགས་པའི་ངང་དྲིལ་བསྒྲགས་བྱེད་པ་དང་ཞིང་ཆེན་ཡོངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་ཉམས་མྱོང་ཡག་པོ་དང་བྱ་ཐབས་ཡག་པོ་སྤེལ་རེས་བྱས་ནས་ཏང་ཡོན་ལས་བྱེད་པར་སློབ་གསོ་རྒྱག་པ་དང་། དོ་དམ་བྱེད་པ། ཞབས་ཞུ་བྱེད་པ་བཅས་ཀྱི་ཐབས་ལམ་རྒྱ་ཆེར་གཏོང་རྒྱུ་དེ་ཡིན་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ལས་སྟེགས་འཛུགས་སྐྲུན་ཐད་མཚོ་སྔོན་ཞིང་ཨུད་རྩ་འཛུགས་པུས་མི་དམངས་དྲ་བ་དང་ཀྲུང་གོ་གློག་འཕྲིན་མཚོ་སྔོན་ཀུང་སི་དང་མཉམ་འབྲེལ་བྱས་ཏེ་རྣམ་གྲངས་ཅན་གྱི་ཏང་འཛུགས་སྐྱོང་གི་དཔེ་དབྱིབས་ཐོག་ནས་ལག་ལེན་བསྟར་བ་དང་དེའི་ནང་པར་གཞི་བཟོ་བཅོས་དང་ལེགས་གཏོང་བྱས་པའི“མཚོ་སྔོན་གྱི་ཏང་འཛུགས་སྐྱོང”དྲ་ཚིགས་དང་། གསར་དུ་གཉེར་བའི“མཚོ་སྔོན་གྱི་ཏང་འཛུགས་སྐྱོང”གི་ལག་ཐོགས་ཁ་པར་གྱི་དུད་སྣེ་དང་སྐད་འཕྲིན་སྤྱི་རྟགས། 1237129ལག་ཐོགས་ཁ་པར་གྱི་འཕྲིན་ཐུང་ལས་སྟེགས་ལེགས་གཏོང་སོགས་ཀྱི་ནང་དོན་ཚུད་ཡོད། ལས་སྟེགས་དེ་ཤར་གཏོང་ཐུབ་རྗེས་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་ཁོང་དུ་ཆུད་པ་བྱས་ཏེ་ཞིང་ཆེན་ནང་གཞི་ཚུགས་པ་དང་རྒྱལ་ཡོངས་ལ་ཁ་ཕྱོགས་པ་དང་། ཞིང་ཆེན་ཡོངས་ཀྱི་ཏང་འཛུགས་ལ་སྣེ་ཁྲིད་པ་དང་དྲ་ཐོག་ཏང་དོན་ལ་སྐུལ་འདེད་གཏོང་བ། ཏང་འཛུགས་སྐྱོང་ལས་དོན་གྱི་དྲིལ་བསྒྲགས་གཡུལ་ས་གསར་པ་དང་། ཏང་ཡོན་ལས་བྱེད་པའི་སློབ་སྦྱོང་སྤེལ་རེས་བྱ་ཡུལ་གསར་པ། རྩ་འཛུགས་ལས་དོན་གྱི་གྲུབ་འབྲས་འགྲེམས་སྟོན་སྐར་ཁུང་གསར་པ། ཏང་ནང་ཁུལ་དང་ཏང་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་བའི་འབྲེལ་ཟམ་གསར་པ་བཅས་ཀྱི་ནུས་པ་ཆེན་པོ་བཞི་འདོན་སྤེལ་བྱས་ནས་དུས་རབས་གསར་པའི་མཚོ་སྔོན་གྱི་ཏང་འཛུགས་སྐྱོང་ལས་དོན་སླར་ཡང་སྐས་རིམ་གསར་པའི་ཐོག་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།