ཟླ་8ཚེས་2ཉིན། “2018ལོའི་བོད་ལྗོངས་ཉིང་ཁྲི·ཀོང་ཏུང་གི་ཚོང་འགུག་མ་འདྲེན་གྱི་འོས་སྦྱོར་ཚོགས་འདུ(ཧྥུའོ་ཧྲན་ས་ཚིགས)དང་ཧྥུའོ་ཧྲན་གྱིས་མེ་ཏོག་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ངོ་འཕྲད་གྲོས་མོལ་ཚོགས་འདུ”ནན་ཧའེ་ཆུས་སུ་གཉེར་བ་རེད། ཚོགས་འདུའི་ཐོག་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་21ལ་གྲུབ་འབྲས་ཐོན་པའི་ངང་གན་རྒྱ་བཞག་པ་དང་། རགས་རྩིས་བྱས་ན། མ་འཇོག་སྒོར་དུང་ཕྱུར་13བཏང་བ་དེ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། སྐྱེ་ལྡན་ལུད་བཟོ་བ། འཛུགས་སྐྲུན་རྒྱུ་ཆ་ཐོན་སྐྱེད། ཁྱད་ལྡན་ཡུལ་སྐོར་ལས་རིགས། ཁྱད་ལྡན་ཞིང་འབྲོག་ལས་སོགས་དང་འབྲེལ་བ་ཡོད་པ་དང་། ཁ་གཏད་རོགས་སྐྱོར་གྱི་རྣམ་གྲངས་ཁག་7ལ་གྲུབ་འབྲས་ཐོན་པའི་ངང་གན་རྒྱ་བཞག་པ་དེ་སློབ་གསོ་དང་། སྨན་བཅོས། དྲ་རྒྱའི་ཆ་འཕྲིན་སོགས་དང་འབྲེལ་བ་ཡོད་པ་རེད།
ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོའི་ཟླ་དྲུག་པའི་ཟླ་འགོར། ཀོང་ཏུང་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་ཀྱིས་ཁ་གཏད་རོགས་སྐྱོར་ལས་ཀའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། ཉིང་ཁྲི་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ཀོང་ཏུང་ཞིང་ཆེན་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་དོན་རུ་ཁག་དང་ལག་གདང་སྦྲེལ་ནས“ཁེ་ལས་སྟོབས་ཆེན་ཉིང་ཁྲིར་ནང་འདྲེན་དང་། བློ་གྲོས་ཆེན་པོ་ཉིང་ཁྲིར་གཅིག་འདུས། མ་དངུལ་ཉིང་ཁྲིར་ནང་འདྲེན”བཅས་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ཤིང་། ཟླ་7ཚེས་23ནས་ཟླ་8ཚེས་3ཉིན་བར། སྔ་རྗེས་སུ་ཀོང་ཀྲོའུ་དང་། ཧྲེན་ཀྲེན། ཀྲུའུ་ཧའེ། ཧུའེ་ཀྲོའུ། ཏུང་ཀོན། ཀྲུང་ཧྲན། ཧྥུའོ་ཧྲན་སོགས་གྲོང་ཁྱེར་བདུན་དུ་འོས་སྦྱོར་ཚོགས་འདུ་འཚོགས་པ་དང་། “ཀོང་ཏུང་དང་ཉིང་ཁྲི་ལག་གདང་སྦྲེལ་བ་དང་། ཐོན་ལས་བོད་སྐྱོར”བྱེད་པའི་ཚོང་འགུགས་མ་འདྲེན་གྱི་ལས་སྟེགས་ཧུར་ཐག་བཏོད་ནས་ཁ་གཏད་རོགས་སྐྱོར་བྱ་ཡུལ་དེ“གཞན་བརྟེན་རྣམ་པ”ནས“རང་བརྟེན་རྣམ་པར”འགྱུར་རྒྱུར་སྐུལ་འདེད་བཏང་བ་རེད། ཀོང་ཀྲོའུ་ཡིས་གན་རྒྱ་འཇོག་ཐེངས་དང་པོའི་ནང་རྣམ་གྲངས་34ལ་མིང་རྟགས་བཀོད་ནས་མ་དངུལ་སྒོར་དུང་ཕྱུར་223.83བཏང་ཡོད་པ་རེད།