ཉིན་ཤས་གོང་། གསར་འགོད་པར་2018ལོའི“པེ་ཅིང་དང་མཚོ་སྔོན་རིགས་གཅིག་མཁས་ཅན་གྱི་ཞབས་ཞུའི་བྱེད་སྒོའི”བཀོད་སྒྲིག་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་གསལ། འདི་ལོ་མཚོ་སྔོན་ཞིང་ཆེན་དང་པེ་ཅིང་གྲོང་ཁྱེར་གྱིས་སྣོད་བཅུད་དང་། འཕྲོད་བསྟེན། སློབ་གསོ། རིག་གནས་སོགས་ཁྱབ་ཁོངས་15ལ་རིགས་གཅིག་མཁས་ཅན་49བཏང་ནས་གྲོང་ཁྱེར་དང་ཀྲོའུ་དང་དེ་བཞིན་འབྲེལ་ཡོད་ཚན་པ་ཁག་ཏུ་དུས་ཡུན་གཟའ་འཁོར་གཅིག་ཡན་གྱི་བློ་རིག་ཞབས་ཞུའི་བྱེད་སྒོ་སྤེལ་ནས་གཞི་རིམ་ལ་དགོས་མཁོ་ཆེ་བའི་ལག་རྩལ་དང་ཆ་འཕྲིན་མཁོ་འདོན་བྱས་པ་མ་ཟད་ཞབས་ཞུའང་བསྒྲུབས་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། “པེ་ཅིང་དང་མཚོ་སྔོན་གྱི་རིགས་གཅིག་མཁས་ཅན་གྱི་ཞབས་ཞུའི་བྱེད་སྒོ”ནི་པེ་ཅིང་དང་མཚོ་སྔོན་ས་གནས་གཉིས་ཀྱི་ཏང་ཨུད་རྩ་འཛུགས་པུས་2014ལོ་ནས་བཟུང་མཉམ་དུ་བཏོད་པའི་ཤེས་ལྡན་མི་སྣའི་མཉམ་ལས་སྤུས་རྟགས་རྣམ་གྲངས་ཤིག་རེད། ལོ་ལྔའི་རིང་པེ་ཅིང་གི་རིགས་གཅིག་མཁས་ཅན་84དང་མཚོ་སྔོན་གྱི་རིགས་གཅིག་མཁས་ཅན་155ཆ་བསྒྲིགས་ནས་གཞི་རིམ་གྱི་འཐབ་ས་དང་པོར་བློ་རིག་ཞབས་ཞུ་བསྒྲུབས་ཏེ་མཚོ་སྔོན་ལ་གཞི་རིམ་ཚན་པའི་ལག་རྩལ་གྱི་དཀའ་གནད་ཐག་གཅོད་དང་། དགོས་མཁོ་ཆེ་བའི་ཤེས་ལྡན་མི་སྣ་སྐྱེད་སྲིང་། ཐོན་སློབ་ཞིབ་སྤྱོད་ཟུང་འབྲེལ་བྱ་རྒྱུར་སྐུལ་འདེད། ཐོན་ལས་རིམ་སྤོར་འཕེལ་རྒྱས་ལ་སྐུལ་འདེད་བཅས་ཐད་ནུས་ལྡན་གྱི་ཤེས་ལྡན་མི་སྣའི་རྒྱབ་སྐྱོར་དང་རིག་ནུས་ཀྱི་འདེགས་སྐྱོར་བྱས་ཡོད།