ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་8ཚེས་2ཉིན་གློག་འཕྲིན་འབྱོར་གསལ། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་ཀའི་སྒྲིག་ལམ་ནན་དུ་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ནང་གི་རྒྱ་ཆེའི་གཞི་རིམ་ལས་བྱེད་པར་ཚུགས་གནས་མཐོར་གཏོང་དང་ལས་སྒྲུབ་ཞིབ་ཚགས་ཡོང་བར་དྲན་སྐུལ་བྱ་ཆེད། མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་ཀྱིས་དབུལ་སྐྱོར་ལས་དོན་ཁྲོད་ལས་འགན་སྒྲུབ་ནུས་ཞན་པའི་ཤང་གྲོང་ལས་བྱེད་པར་འགན་འཁྲི་རྩད་གཅོད་བྱས་པའི་དཔེ་མཚོན་གྱོད་གཞི་3བརྡ་ཁྱབ་བཏང་བ་རེད།
དགའ་བདེ་རྫོང་གཙང་སྐོར་ཞོལ་མ་ཤང་གི་དེ་སྔའི་ཏང་ཨུད་ཧྲུའུ་ཅི་གཞོན་པ་བཀྲ་ཤིས་དོན་གྲུབ་སོགས་ལ་གྲོང་ཚོའི་མཉམ་ལས་ཁང་གི་རྣམ་གྲངས་མ་དངུལ་གང་བྱུང་དུ་བེད་སྤྱད་པ་སོགས་ཀྱི་གནད་དོན་རྐྱེན་གྱིས་འགན་འཁྲི་རྩད་གཅོད་བྱས་ཡོད། 2016ལོའི་ཟླ་12པར། དགའ་བདེ་རྫོང་ཞིང་འབྲོག་ནགས་ལས་ཚན་རྩལ་ཅུས་ཀྱིས་གཙང་སྐོར་ཞོལ་མ་ཤང་ཁོར་སེར་གྲོང་ཚོའི་སྣོད་བཅུད་འབྲོག་ལས་མཉམ་ལས་ཁང་ལ་བོད་ལུགས་གསོ་སྤེལ་རྟེན་གཞིའི་རྣམ་གྲངས་ཀྱི་མ་དངུལ་སྒོར་ཁྲི་100སྤྲད་ཅིང་། འོན་ཀྱང་རྣམ་གྲངས་དེ་ལོ་དེར་བསྒྲུབ་ཐུབ་མེད། གོང་རིམ་གྱི་ཞིབ་བཤེར་ལ་གཡོལ་ཆེད། ཁོར་སེར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་མགོན་དང་གྲོང་ཚོའི་ཀྲུའུ་རེན་ཆུ་བ་བདེ་གསལ་གྱིས་བཀྲ་ཤིས་དོན་གྲུབ་ལ་དགོངས་སྐོར་ཞུས་ཏེ་མོས་མཐུན་ཐོབ་པ་བརྒྱུད་གན་རྒྱ་རྫུས་མ་བཟོས་ནས་ཐེངས་3ལ་བགོས་ཏེ་རྣམ་གྲངས་ཀྱི་མ་དངུལ་བླངས་རྗེས་མི་མང་པོ་ཞིག་གིས་སོ་སོས་ཉར་བ་དང་། 2018ལོའི་ཟླ་4པའི་བར། རྣམ་གྲངས་སྔར་བཞིན་འཆར་གཞི་ལྟར་བསྒྲུབ་ཐུབ་མེད། 2018ལོའི་ཟླ་5པར་བཀྲ་ཤིས་དོན་གྲུབ་དང་། ཚེ་མགོན། ཆུ་བ་བདེ་གསལ་བཅས་ལ་ཏང་ནང་བཞག་ནས་ལྟ་ཞིབ་ལོ་གཅིག་བྱ་རྒྱུའི་ཆད་པ་བཅད་པ་རེད།
མཚོ་ཤར་གྲོང་ཁྱེར་མཛོ་མོ་ཧུད་རིགས་ཧོར་རིགས་རང་སྐྱོང་རྫོང་པེ་ཧྲན་ཤང་གི་དེ་སྔའི་ཤང་ཀྲང་གཞོན་པ་ལུང་ཁེ་ཁྲང་སོགས་ལ་གྲོང་ཚོའི་དབུལ་སྒྲོལ་ལས་དོན་དབྱེ་འབྱེད་ངོས་འཛིན་གནད་སྨིན་མེད་པ་སོགས་ཀྱི་གནད་དོན་རྐྱེན་གྱིས་འགན་འཁྲི་རྩད་གཅོད་བྱས་ཡོད། 2015ལོ་ནས་2016ལོའི་རིང་། པེ་ཧྲན་ཤང་ཁོན་ཏུའུ་ལན་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཐེ་ཡིའུ་ཁྲེང་གིས་གྲོང་མིའི་ཚོགས་འདུ་འཚོགས་ནས་དཔྱད་མོལ་མ་བྱས་པར་རང་དགར་གྲོང་ཚོ་དེ་གའི་དུད་ཚང་47དང་མི་195དབུལ་སྒྲོལ་མིང་ཐོའི་ནང་བཅུག་པ་རེད། 2015ལོའི་ཟླ་11པར། ཁོན་ཏུའུ་ལན་གྲོང་ཚོས་གྲོང་མིའི་ཚོགས་འདུ་འཚོགས་ཏེ་དུད་ཚང་4དང་མི་14དུད་ཚང་དབུལ་པོར་དཔྱད་བསྡུར་གཏན་འབེབས་བྱས་ཡོད། ཚོགས་འདུའི་རྗེས་སུ་པེ་ཧྲན་ཤང་གི་ཤང་ཀྲང་གཞོན་པའི་འགན་འཁུར་བཞིན་པའི་ལུང་ཁེ་ཁྲང་དང་ཁོན་ཏུའུ་ལན་གྲོང་ཚོའི་ཀྲུའུ་རེན་ཐེ་ཡིའུ་ཁྲེང་སོགས་མི་4ཡིས་ཚོགས་འདུ་འཚོགས་ཏེ་རང་དགར་མི་ཉུང་གཏོང་དང་དུད་ཚང་མང་དུ་བཏང་ནས་གྲོང་མིའི་ཚོགས་འདུའི་འབྲས་བུར་འགྱུར་ལྡོག་བཏང་བ་རེད། ལོ་དེར་ཆ་རྐྱེན་དང་མི་འཚམ་པའི་དུད་ཚང་1སླར་ཡང་དུད་ཚང་དབུལ་པོར་གཏན་འཁེལ་བྱས་པ་དང་། 2018ལོའི་ཟླ་4པར། ཐེ་ཡིའུ་ཁྲེང་ལ་ཏང་ནང་གི་གོ་གནས་མེད་པར་བཟོ་བའི་ཆད་པ་བཅད་པ་དང་ལུང་ཁེ་ཁྲང་ལ་ཏང་ནང་ཁུལ་དུ་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་རེད།
རེབ་གོང་རྫོང་ཆུ་ཁོག་ཤང་གི་ཤང་ཀྲང་འོད་གསལ་རྡོ་རྗེ་སོགས་ལ་གྲོང་ཚོའི་ལས་བྱེད་པས་མ་མཐའི་འགན་བཅོལ་དངུལ་དང་དུད་ཚང་དུ་ཐོན་ལས་དོན་འཁྱོལ་བྱེད་པའི་མ་དངུལ་སྒེར་ལ་བགོས་པའི་གནད་དོན་རྐྱེན་གྱིས་འགན་འཁྲི་རྩད་གཅོད་བྱས་ཤིང་། 2016ལོའི་ཟླ་1པོར། རེབ་གོང་རྫོང་གིས་མ་མཐའི་འགན་བཅོལ་དུད་ཚང་དང་དུད་ཚང་དབུལ་པོའི“ཚད་ཐིག་གཉིས་གཅིག་སྒྲིལ”གྱི་སྲིད་ཇུས་ལག་བསྟར་བྱས་པ་དང་། མདོ་བ་གྲོང་ཚོའི་ལས་བྱེད་པས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་བསྐྱར་འདེམས་བྱས་ན་གྲོང་མིའི་དབར་འགལ་བ་ཐོན་སྲིད་པར་ཁ་གཡར་ནས་ཡིག་ཚགས་དང་གཱ་བཟོས་པའི་ནང་བཅུག་པའི་དུད་ཚང་དབུལ་པོ་དང་དེའི་ནང་བཅུག་མེད་པའི་དུད་ཚང་དབར་ཆ་སྒྲིག་བྱས་པ་མ་ཟད། ངག་ཐོག་གམ་ཡང་ན་ཡིག་ཐོག་ནས་མ་མཐའི་འགན་བཅོལ་དངུལ་དང་དུད་ཚང་དུ་ཐོན་ལས་དོན་འཁྱོལ་བྱེད་པའི་མ་དངུལ་སྒེར་ལ་བགོ་བའི་གྲོས་མཐུན་བཞག་སྟེ་དབུལ་སྐྱོར་མ་དངུལ་ཁྱོན་སྒོར་ཁྲི་25.97སྒེར་ལ་བགོས་པ་རེད། 2018ལོའི་ཟླ་5པར། མདོ་བ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཀྲའོ་ཝེ་ཀྲུང་ལ་ཏང་གི་སྐྱིད་སྡུག་ནས་ཕྱིར་ཕུད་པའི་ཆད་པ་བཅད་པ་རེད། འོད་གསལ་རྡོ་རྗེ་ལ་ཏང་ནང་ཁུལ་དུ་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་དང་དབུལ་སྐྱོར་ལས་དོན་ལ་ཁག་བགོས་དོ་དམ་བྱེད་པའི་ཤང་མི་དམངས་དྲག་ཆས་པུའུ་ཡི་པུའུ་ཀྲང་ནོར་བུ་འབུམ་ལ་ཏང་ནང་ཁུལ་དུ་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་རེད།