གངས་རི་གནམ་ལ་ཐུག་པ་དང་། སྤྲིན་རུམ་ཁྲོད་དུ་བྲག་ཉག་སོ་ལྟ་ཁང་གནས་ཤིང་། སོ་ལྟ་ཁང་ནང་བོད་རིགས་ཨ་མས་བརྩེ་སེམས་བཅངས་པའི་དམག་མི་ཁྱུ་གཅིག་ཡོད།
ཟླ་8ཚེས་1ཉིན་གྱི་སྔ་དྲོ། ལོ་62ལ་སླེབས་པའི་བདེ་སྐྱིད་དང་། ལོ་57ལ་སླེབས་པའི་ཕུར་ཚེ། ལོ་65ལ་སླེབས་པའི་ཚེ་རིང་ཆོས་སྒྲོན་སོགས་བོད་རིགས་ཨ་མ་རྒན་གྲས་རྣམས་ཀྱིས་ལུས་ཐོག་ཏུ་སྔོ་ཚལ་སླེལ་པོ་དག་དག་ཁྱེར་ནས་གངས་རིའི་འདབས་སུ་འོངས།
བོད་ལྗོངས་གྲོ་མོ་རྫོང་དུ་གནས་པའི་བྲག་ཉག་སོ་ལྟ་ཁང་དེ་ས་བབ་མཐོ་ཚད་སྨི་4655ཟིན་ཞིང་། མཐའ་བཞི་གཡང་གཟར་བྲག་རིས་བསྐོར་བ་དང་ལོ་གཅིག་གི་དུས་ཚོད་ནང་ཟླ་7ཁ་བས་རི་རྒྱ་སྡོམ་གྱི་ཡོད།
འདས་ཟིན་པའི་ལོ་36ནང་། བདེ་སྐྱིད་སོགས་མི་གསུམ་གྱིས་ན་གཞོན་སོ་དཀར་དུས་ནས་རྒན་སྐྲ་དཀར་བར་སོ་ལྟ་ཁང་དུ་ཐེངས་མང་ཡོང་མྱོང་བ་དང་། ཁོང་ཚོས་གཡང་གཟར་བྲག་རིའི་ལམ་ཆུང་བརྒྱུད་ནས་སོ་ལྟ་ཁང་གི་དམག་མིར་རིན་མེད་སྔོ་ཚལ་བསྐྱལ་གྱི་ཡོད།
ཟླ་8ཚེས་1ཉིན་གྱི“བརྒྱད་གཅིག”དམག་བཙུགས་དུས་ཆེན་ཉིན་མོར་རི་འདབས་ནས་སོ་ལྟ་ཁང་དུ་ཤར་བགྲོད་ཐུབ་པའི་དཔྱང་ཟམ་དངོས་སུ་ཤར་གཏོང་ཐུབ་པས། ལུས་གུག་གུག་ཆགས་པའི་ཨ་མ་རྒན་མོ་གསུམ་སྔོན་ཆད་བཞིན་ཉིན་ཕྱེད་དུས་ཚོད་སྤྱད་དེ་སྤྲིན་རུམ་ཁྲོད་དུ་གནས་པའི་སོ་ལྟ་ཁང་དུ་སྐྱོད་དགོས་ཀྱི་མེད།
སེར་ཐིང་ཐིང་གི་ཤིང་འབྲས་ངང་ལག་དང་། བྲོ་བ་ཞིམ་པའི་སྔོ་ཚལ་སོས་པ། ད་དུང་ཉིན་མཚན་བསྟུད་མར་བསྲེགས་པའི་བག་ལེབ་སོགས་ཨ་མ་རྒན་མོ་ཚོས་བཅིངས་འགྲོལ་དམག་མིར་འབུལ་རྒྱུའི་ལག་རྟགས་གཟབ་ནན་ངང་དཔྱང་ཟམ་གྱི་དཔྱང་སླེའི་ནང་བཞག་པ་མ་ཟད། ད་དུང་ཆེད་མངགས་དཀར་གཙང་མཇལ་དར་རེ་གཡོགས། མཐའ་སྲུང་ཐོན་ཞིག་གི་ཐོན་ཀྲང་གཞོན་པ་དབྱང་ཐའོ་ཡིས་བཀོལ་སྤྱོད་བྱེད་འགོ་ཚུགས་པ་དང་བསྟུན་དཔྱང་སླེ་དལ་གྱིས་རི་སྟེང་དུ་འཐེན།
དཔྱང་སླེ་རིམ་གྱིས་མཐོ་རུ་ཕྱིན་པས་ཨ་མ་རྒན་མོ་ཚོའི་སེམས་པའང་དེ་དང་མཉམ་དུ་སོ་ལྟ་ཁང་དུ་ཕྱོགས།
ལོ་བཅུ་གྲངས་ཁ་ཤས་གོང་། ཁ་བ་བབས་ནས་རི་རྒྱ་བསྡམས་པས་སོ་ལྟ་ཁང་གི་དཔོན་དམག་ཚོའི་སྔོ་ཚལ་དཀོན་པོར་གྱུར་ཞིང་། 1982ལོ་ནས་བཟུང་གྲོ་མོ་རྫོང་གྲོ་མོ་སྨད་ཤང་རིན་ཆེན་སྒང་གྲོང་ཚོའི་གྲོང་མི་བདེ་སྐྱིད་མི་གཞན་སླེབས་མ་མྱོང་བའི་གངས་རི་འཛེགས་ནས་དཔོན་དམག་ཚོར་སྔོ་ཚལ་སོས་པ་དང་རེ་སྒུག་ཆེན་པོ་བྱེད་པའི་འཕྲིན་ཡིག་བསྐྱལ།
དུས་དེ་ནས་བཟུང་སྔོ་ཚལ་དང་འཕྲིན་ཡིག་སྐྱེལ་རྒྱུའི་ལས་འགན་ལོ་36རྒྱུན་འཁྱོངས་བྱས་ཡོད། གྲོང་ཚོ་གཅིག་པའི་གྲོང་མི་ཕུར་ཚེ་དང་ཚེ་རིང་ཆོས་སྒྲོན་ཡང་དེའི་ནང་ཞུགས། ས་བབ་མཐོ་ཚད་སྨི་2800ནས་སྨི་4600ལྷག་ཙམ་ཟིན་པའི་བར་ཀྱག་ཀྱོག་གི་རི་ལམ་ཐོག་བོད་རིགས་ཨ་མ་རྒན་མོ་གསུམ་གྱིས་དྲག་ཆར་རླུང་འཚུབ་ལ་མ་འཛེམས་པར་སོ་ལྟ་ཁང་དུ་བསྐྱོད་པའི་རྐང་རྗེས་མཐོང་རྒྱུ་ཡོད། ཁོང་ཚོས་སྔ་རྗེས་སུ་སོ་ལྟ་ཁང་ལ་སྔོ་ཚལ་ཏུན་100ལྷག་ཙམ་བསྐྱལ་བ་དང་། ཡར་འགྲོ་མར་འགྲོའི་ལམ་ཐག་རིང་ཚད་སྤྱི་ལེ་ཁྲི་6ལྷག་ཙམ་ཟིན་གྱི་ཡོད།
ལོ་དེ་དག་རིང་། གྲོང་ཚོ་དང་སོ་ལྟ་ཁང་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ཅིང་། སྣུམ་ནག་གཞུང་ལམ་དུད་ཚང་ཚང་མའི་སྒོ་འགྲམ་བར་ཤར་གཏོང་ཐུབ་པ་དང་། གྲོང་མི་ཚོ་རྒྱ་ཆེ་ལ་དཀར་ཆ་དོད་པའི་སྡོད་ཁང་ཆེན་པོའི་ནང་སྡོད་རྒྱུ་བྱུང་བ་མ་ཟད། ད་དུང་གྲོང་ཚོའི་ནང་ལུས་སྦྱོང་ཐང་ཆེན་བསྐྲུན་ཡོད་པས་ཨ་མ་རྒན་མོས་སྒོར་གཞས་འཁྲབ་ནས་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་བ་སོགས་མིག་ལམ་དུ་མཐོང་རྒྱུ་ཡོད།
སོ་ལྟ་ཁང་དུ་སྐྱེལ་འདྲེན་དཔྱང་ཟམ་བསྐྲུན་ཡོད་པས་ཆུ་དང་སྔོ་ཚལ་སྒལ་པར་འཁྱེར་རྒྱུ་དེ་འདས་དོན་དུ་གྱུར་པ་དང་། རྒྱལ་ཁབ་གློག་དྲ་སྦྲེལ་མཐུད་ཐུབ་ནས་རི་རྩེའི་སོ་ལྟ་ཁང་དུ་ཉིན་མཚན་བལྟོས་མེད་གློག་སྤྱོད་རྒྱུ་བྱུང་ཡོད། དཔོན་དམག་ཚོས་ལས་སྒྲུབ་ཞོར་དུ་4Gདྲ་རྒྱ་སྤྱོད་རྒྱུ་བྱུང་བས་བསམ་པ་དང་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་ཡོད།
སོ་ལྟ་དཔོན་མ་ཀོན་ཅིང་གིས་སོ་ལྟ་ཁང་དེ་ཡོངས་ཀྱི་འཐབ་འཛིང་པའི་སྣེ་ཁྲིད་དེ་རི་འདབས་སུ་ཡོད་པའི་ཨ་མ་རྒན་མོའི་ཕྱོགས་སུ་སྒམ་བརླིང་ལྡན་པའི་ངང་གུས་འདུད་ཞུས་ཤིང་། ཁོང་ཚོས“ང་ཚོ་སྤྲིན་རུམ་དུ་གནས་པའི་སོ་ལྟ་ཁང་བསྲུངས་ནས་བསྡད་ཡོད་མོད། འོན་ཀྱང་དུས་དང་རྣམ་པ་ཀུན་ཏུ་མེས་རྒྱལ་དང་མི་དམངས་ཀྱི་རྒྱབ་སྐྱོར་ཚོར་གྱི་འདུག”ཅེས་བརྗོད།
ཟླ་8ཚེས་1ཉིན། ལོ་62ལ་སླེབས་པའི་བདེ་སྐྱིད(གཡས་ཀྱི་དང་པོ)དང་། ལོ་57ལ་སླེབས་པའི་ཕུར་ཚེ(གཡས་ཀྱི་གཉིས་པ) ལོ་65ལ་སླེབས་པའི་ཚེ་རིང་ཆོས་སྒྲོན(གཡས་ཀྱི་གསུམ་པ)བཅས་ཀྱིས“བརྒྱད་གཅིག”དམག་བཙུགས་ཀྱི་ལག་རྟགས་དཔྱང་ཟམ་དཔྱང་སླེར་ཁ་བཏགས་གཡོགས་བཞིན་པ།