2015ལོའི་ཟླ་9ཚེས་9ཉིན། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་སྐྲན་ནད་ཕྲ་ཕུང་ཉུང་གཏོང་དང་མཚང་ཁོག་གི་རྨེན་བུའི་རྩ་མདུད་དཀྲོལ་བའི་གཤགས་བཅོས་དང་པོ་དེ་ལེགས་གྲུབ་བྱུང་བ་དང་། གཤགས་བཅོས་བྱས་རྗེས་ནད་པ་དེ་ཕྲུ་གུ་སྐྱེ་ཆོག་གི་ཡོད་པ་རེད།
2017ལོའི་ཟླ་12ཚེས་18ཉིན་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་གློ་ཡུའི་ལྟ་ཤེལ་གྱིས་ཁོག་ནད་བྲང་ཁོག་ལྟ་ཤེལ་གྱི་ཚབ་བྱེད་པའི་བརྟག་དཔྱད་ཐོག་མ་བྱས་པ་དང་སྦྲགས་རང་ལྗོངས་ཀྱི་རིག་ཚན་ལག་རྩལ་ཁྱབ་ཁོངས་ཀྱི་སྟོང་ཆ་བསྐངས་པ་རེད།
2018ལོའི་གནམ་ལོ་གསར་ཚེས་བཏང་མ་ཐག རང་སྐྱོང་ལྗོངས་མི་དམངས་སྨན་ཁང་བུད་མེད་བུ་བཙའ་ཚན་ཁག་ཏུ་སྐྱེ་ཟླ་མ་ཤར་གོང་ནས་སྐྱེས་པའི་དམར་འབྱར་བྱམས་པ་ཟེར་བ་ཞིག་གི་གཟུགས་པོའི་ལྗིད་ཚད་ཁེ་2000ཙམ་ཟིན་པ་དེ་ཐོག་ནས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་བྱིས་པའི་ཚན་ཁག་གིས་ལུས་པོའི་ལྗིད་ཚད་ཧ་ཅང་དམའ་བའི་ཕྲུ་གུ་སྐྱོབ་བཅོས་བྱེད་པའི་ཆུ་ཚད་རྒྱལ་ནང་གི་ཆུ་ཚད་རྩེ་གྲར་སླེབས་པ་མཚོན་ཡོད།
ལོ་3རིང་། ལག་རྩལ་གསར་པ་དང་ལས་སྒོ་གསར་པ་ཁག་262སྤེལ་ནས་སྨན་ཁང་གི་ཤེས་ལྡན་མི་སྣ་ཐེངས་5748ལ་གསོ་སྦྱོང་བྱས་པ་དང་། རིག་གཞུང་སྤེལ་རེས་འདུ་ཚོགས་94གཉེར་བ། རིགས་གཅིག་མཁས་པས་ལྷན་འཛོམས་ནད་དཔྱད་ཐེངས་1504བྱས་པ། སྨན་ཁང་གི་སློབ་ཁྲིད་ནད་སྐོར་ཐེངས་3868བྱས་པ། ཉལ་ཁྲི་སྤྱོད་ཚད་90.13%ཟིན་པ། སྨན་ཁང་ལ་སྒྲིག་སྲོལ་དང་ལམ་ལུགས་2235འཐུས་སྒོ་ཚང་དུ་གཏོང་རོགས་བྱས་པ་སོགས་ཀྱི་མངོན་སུམ་དྲང་བདེན་གྱི་དཔེ་མང་པོ་ཞིག་དང་མི་སེམས་ལ་གཡོ་འགུལ་ཐེབས་འོས་པའི་གྲངས་གཞི་རེ་རེ་ལས་ལོ་3ལྷག་ཙམ་རིང་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་གྱི་འགག་སྒྲོལ་དཀའ་སེལ་དང་འབད་འབུངས་མདུན་སྐྱོད་ཀྱི་འཕེལ་རྒྱས་ལོ་རྒྱུས་བདེན་དཔང་ཐུབ་ཡོད།
ལམ་སྲོལ་བཟོས་ནས་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་སྟེ་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ལ་སྐུལ་འདེད་མྱུར་པོ་བཏང་བ།
རྩ་འཛུགས་ཀྱི་འགན་ལེན་ལ་ཤུགས་སྣོན་བརྒྱབ་ཅིང་། སྨན་ཁང་ཏང་ཨུད་ཀྱིས་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལ་མཐོང་ཆེན་བྱས་ཏེ་བོད་སྐྱོར་གཞུང་ལས་ཁང་དང“ཀ་པ་རིམ་པ་གསུམ་པ”སྟོབས་ཆེར་གཏོང་བའི་ལས་དོན་གཞུང་ལས་ཁང་བཙུགས་ནས་བསམ་བློ་གཅིག་གྱུར་དང་། སྤྱི་འདོམས་བཀོད་སྒྲིག འགན་འཁྲི་གསལ་བཟོ། མཐུན་སྦྱོར་དམ་ཟབ། གནད་སྨིན་ཤུགས་འདོན་བཅས་བྱས་པ་རེད།
ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ཅིང་། དེང་རབས་སྨན་ཁང་གི་འཕེལ་རྒྱས་དགོས་མཁོ་གཞིར་བཟུང་བ་དང་སྨན་ཁང་གི་དོན་དངོས་དང་ཟུང་འབྲེལ་གྱིས་སྨན་ཁང་གི་ལམ་ལུགས་ཁག་སྔར་བས་ཚད་ལྡན་དང་འཐུས་སྒོ་ཚང་དུ་བཏང་བ་དང་། དེང་རབས་སྨན་ཁང་གི་དོ་དམ་མ་ལག་འཛུགས་སྐྲུན་འཕེལ་རིམ་ལ་སྐུལ་འདེད་བཏང་སྟེ《བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་སྒྲིག་སྲོལ》རྩོམ་སྒྲིག་བྱས་པ་རེད། “ད་ཆ་སྨན་ཁང་གི་ལས་དོན་ཁག་ལ་བརྩི་སྲུང་ཞུ་སའི་སྒྲིག་སྲོལ་ཡོད་པས་ཚང་མས་སྒྲིག་སྲོལ་ལྟར་ལས་ཀ་སྒྲུབ་ཀྱི་ཡོད”ཅེས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་ཡོན་ཀྲང་ཝུའུ་ཝུན་མིང་གིས་བཤད།
རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་ལ་ཤུགས་སྣོན་བརྒྱབ་ཅིང་། སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་རིགས་གཅིག་མཁས་པར་བརྩི་བཀུར་དང་གཅེས་སྐྱོང་བྱས་ཏེ་སྡོད་ཁང་ཧ་ཅང་དཀོན་པའི་གནས་ཚུལ་འོག རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གིས་སྨན་བཅོས་བོད་སྐྱོར་ཤེས་ལྡན་མི་སྣའི་སྡོད་གནས་ཀྱི་ཆ་རྐྱེན་ལེགས་སུ་བཏང་བ་དང་། མི་རེར་ཁང་པ་རེ་སྤྲད་དེ་གསོ་རླུང་དང་། གློག་དང་ཆུ། དྲོད་རླངས། ཟ་ཁང་། དྲ་རྒྱ་སོགས་ཚང་མ་མཁོ་འདོན་བྱས་པས་སྨན་བཅོས་བོད་སྐྱོར་ཤེས་ལྡན་མི་སྣ“སྡོད་ཆོག་ཆོག”གི་དམིགས་ཚད་མངོན་འགྱུར་བྱུང་བ་རེད།
མི་དོན་གླ་ཕོགས་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་བཏང་ཞིང་། 2017ལོའི་ཟླ་1པོ་ནས་བཟུང་། སྨན་ཁང་གིས་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཆར་གཞི་གཞིར་བཟུང་། རང་བརྟེན་ངང་ཤེས་ལྡན་མི་སྣ་གདན་ཞུ་བྱས་པ་དང་། “མི་གསར་པར་བྱ་ཐབས་གསར་པ་དང་མི་རྙིང་པར་བྱ་ཐབས་རྙིང་པའི”རྩ་དོན་གཞིར་བཟུང་གསར་དུ་སླེབས་པའི་མི་སྣ་ཚང་མར“སྒྲིག་ཚུད་ནང་གི་ཐོབ་ཆ་དང་གན་རྒྱའི་ལམ་ལུགས་ཀྱི་དོ་དམ”བྱས་པ་དང་། ལས་ཀ་མང་བར་ཐོབ་ཆ་མང་བ་དང་ལས་ཀ་རྩེ་གྲར་ཐོབ་ཆ་རྒྱ་ནོམ་པ་སྤྲོད་རྒྱུ་གཙོ་བོར་འཛིན་པའི་ལས་རྗེས་བགོ་བཤའ་དང་དཔྱད་ཞིབ་ལམ་ལུགས་བཟོས་པས“ཐོབ་ཆ་གཅིག་མཚུངས”ལ་རྦད་དེ་འགྱུར་ལྡོག་སོང་ཡོད།
དཔུང་ཁག་གི་སྣེ་འཁྲིད་དེ་ཤེས་ལྡན་མི་སྣ་བསྐྱངས་ནས་ནམ་ཡང་གནས་ཐུབ་ལ་བྱང་ཚད་མཐོ་བའི་སྨན་བཅོས་རུ་ཁག་ཅིག་གསོ་སྐྱོང་བྱས་པ།
རྒྱུད་རོགས་ཁྲིད་གསུམ་གྱི་ལས་དོན་ཤུགས་ཆེན་སྤེལ་ཞིང་། “གཅིག་གིས་གཅིག་འཁྲིད་པ”དང“གཅིག་གིས་མང་པོ་འཁྲིད་པའི”རྣམ་པར་བརྟེན་ནས་ཡུལ་འདི་རང་གི་སྨན་དོན་མི་སྣ་150ལྷག་ཙམ་ལ་ཆ་སྒྲིག་རོགས་ཁྲིད་བྱས་པ་རེད། ད་ཆ་ཡུལ་འདི་གའི་སྨན་པ་མང་པོ་ཞིག་གིས་གཤགས་བཅོས་1ནས་2བར་བྱེད་ཐུབ་པ་དང་། ཡུལ་འདི་གའི་སྨན་པས་གཤགས་བཅོས་བྱེད་པ་དང་བོད་སྐྱོར་སྨན་པས་མཛུབ་ཁྲིད་བྱེད་པའི་རྣམ་པ་ཞིག་གཞི་རྩའི་ཆར་ཆགས་ཡོད། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་ཏང་ཨུད་ཧྲུའུ་ཅི་བུ་ཁྲིད་ཀྱིས“དེ་སྔ་རྫིང་བུའི་ནང་མ་གཏོགས་རྐྱལ་རྒྱག་ནུས་ཀྱི་མེད། ད་ཆ་བོད་སྐྱོར་སྨན་པའི་སྣེ་ཁྲིད་འོག་ང་ཚོས་གཙང་པོ་དང་རྒྱ་མཚོའི་ནང་དུའང་རྐྱལ་རྒྱག་ཕོད་ཀྱི་ཡོད”ཅེས་བཤད།
སྨན་བཅོས་ཤེས་ལྡན་མི་སྣ་གསོ་སྐྱོང་ཤུགས་ཆེན་བྱས་ཤིང་། རིམ་པ་དང་རིགས་དབྱེ་སྟེ་ཕུགས་ཕན་ཤེས་ལྡན་མི་སྣའི་འཕེལ་རྒྱས་འཆར་འགོད་དང་ལོ་འཁོར་གྱི་འཆར་གཞི་བཟོས་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་ཐབས་ལམ་ཟམ་མི་ཆད་པར་རྒྱ་ཆེར་བཏང་ཡོད། ལོ་3རིང་སྨན་ཁང་གི་ལག་རྩལ་རྐང་འཛིན་པ་126ནང་སའི་སྔོན་ཐོན་སྨན་ཁང་དུ་གསོ་སྦྱོང་དང་ལེན་དུ་བསྐྱོད་པར་ནད་ཐོག་སྨན་བཅོས་དང་། སྨན་བཅོས་སྒྲིག་ཆས་བཀོལ་སྤྱོད། དོ་དམ་བཅས་སྡེ་ཚན་30ལྷག་ཙམ་ལ་ཁྱབ་པ་དང་། སྨན་ཁང་གི་རིགས་གཅིག་མཁས་ཅན་མི་ཐེངས་691ནང་སར་རིགས་ཁག་གི་ལག་རྩལ་གསར་པ་དང་། ལས་སྒོ་གསར་པ། རིག་གཞུང་སྤེལ་རེས་ཚོགས་འདུ(དེའི་ཁྲོད་གཙོ་གནད་ཆེད་སྦྱོང་ཚན་ཁག་གི་མི་ཐེངས་89ཟིན་པ)བཅས་ལ་ཞུགས་ཡོད། “ནང་སའི་སྨན་ཁང་དུ་ལས་ཐོག་གསོ་སྦྱོང་བྱེད་པར་བསྐྱོད་ནས་རང་ཉིད་ཀྱི་སྨན་བཅོས་ལག་རྩལ་ཡག་ཏུ་ཕྱིན་པ་མ་ཟད། མཐོང་རྒྱའང་ཆེ་རུ་ཕྱིན་པ་དང་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་ང་ཚོར་སློབ་སྦྱོང་གི་གོ་སྐབས་གསར་པ་ཐོབ་བྱུང”ཞེས་ཟབ་སྦྱོང་ནང་ཞུགས་མྱོང་བའི་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་སྨན་བཅོས་ནད་སྐྱོང་མི་སྣ་བསྟན་འཛིན་ཕུན་ཚོགས་ཀྱིས་བཤད།
ལས་སྟེགས་བཙུགས་ཏེ་དོ་དམ་ལ་ཤུགས་སྣོན་བརྒྱབ་པ་དང་སྨན་བཅོས་ཀྱི་ཡང་རྩེ་གསར་པར་བསྐྱར་དུ་འཛེགས་པ།
ནུས་ཤུགས་ཡོད་རྒུས་རིག་ཚན་འཛུགས་རྒྱུར་སྐུལ་འདེད་བཏང་ཞིང་། ལོ་3རིང་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གིས་2020ལོར་ནུབ་རྒྱུད་ཞིང་ཆེན་དང་གྲོང་ཁྱེར་གྱི“ཀ་པ་རིམ་པ་གསུམ་པའི”སྨན་ཁང་གི་ཆ་སྙོམས་ཆུ་ཚད་དང་དེ་ཡན་གྱི་ཆུ་ཚད་ལ་སླེབས་རྒྱུ་དང་། ནད་ཆེན་བོད་དུ་བཅོས་ཐུབ་པའི་འཐབ་ཇུས་དམིགས་ཚད་བསྒྲུབ་རྒྱུར་དམ་པོར་དམིགས་ཏེ་ལས་ཀའི་གཙོ་གནད་ནད་ཐོག་སྨན་བཅོས་ཀྱི་འཐབ་ས་དང་པོར་བཞག་ནས་ནུས་ཤུགས་ཡོད་རྒུས་རིག་ཚན་འཛུགས་རྒྱུར་སྐུལ་འདེད་བཏང་ཡོད། མིག་སྔར་བོད་རང་སྐྱོང་ལྗོངས་བརྟག་བཤེར་ལྟེ་གནས་དང་། བོད་རང་སྐྱོང་ལྗོངས་ནད་རྐྱེན་ངོས་བཟུང་དང་ཚོད་འཛིན་ལྟེ་གནས། རྒྱང་ཁྲིད་གསོ་རིག་ལྟེ་གནས། གྲངས་འཛིན་དཔེ་དེབ་ཁང་དང་བཙལ་འཚོལ་ལྟེ་གནས་བཅས་བཙུགས་ཏེ་སྦྲིད་སྨན་རྒྱག་པ་དང་། གཤགས་བཅོས། ནད་གཞི་ཚབས་ཆེན་གྱི་འགན་ལེན་ལས་སྟེགས་བཅས་ལ་ཤུགས་སྣོན་བརྒྱབ་པ་དང་བོད་རང་སྐྱོང་ལྗོངས་ཀྱི་ཆེད་ཚན་ནད་སྐྱོང་པའི་གསོ་སྦྱོང་རྟེན་གཞི་བཙུགས་པ་རེད།
སྨན་ཁང་གི་དོ་དམ་ཚད་ལྡན་ཅན་དུ་བཏང་ཞིང་། “ཀ་པ་རིམ་པ་གསུམ་པ”གཏོད་རྒྱུ་གོ་སྐབས་སུ་བྱས་ཏེ་རིགས་གཅིག་མཁས་ཅན་གྱིས་སྨན་ཁང་སྐྱོང་བ་དང་། ལམ་ལུགས་ལ་བརྟེན་ནས་དོ་དམ་བྱེད་པ། ལས་རིམ་ལ་བརྟེན་ནས་དངོས་པོར་དོ་དམ་བྱེད་པ། དོ་དམ་དང་གཉེར་སྐྱོང་ལོགས་སུ་དབྱེ་བ། གཅིག་སྡུད་ངང་ཐབས་ཇུས་འགོད་པ་བཅས་ཀྱི་དོ་དམ་རྣམ་པ་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བ་དང་ཆབས་ཅིག སྒོ་བསྟེན་སྨན་བཅོས་དང་གཟུགས་པོ་བརྟག་དཔྱད་ལྟེ་གནས་སྟོབས་ཆེར་བཏང་སྟེ་ལས་རྗེས་དཔྱད་ཞིབ་ཀྱི“བཀོད་འདོམས་དབྱུག་པའི”ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། བརྟག་བཤེར་དང་། ཚད་བརྒལ་སྒྲ་རླབས། སྒྲིག་ཆས་ཆེ་གྲས་སོགས་བརྟག་དཔྱད་བྱེད་པར་སྔོན་མངགས་མི་དགོས་པར་སྨན་ཁང་གི་འཁོར་རྒྱུག་ལས་ཕྱོད་ཆེ་རུ་ཕྱིན་ནས་སྤྱི་ཚོགས་ཀྱི་ཕན་འབྲས་དང་། དཔལ་འབྱོར་གྱི་ཕན་འབྲས། སྤུས་རྟགས་ཀྱི་ཕན་འབྲས་བཅས་ཆེ་རུ་ཕྱིན་ཡོད། མིག་སྔར་ཚད་བརྒལ་སྒྲ་རླབས་བརྟག་དཔྱད་གཟའ་འཁོར་གཅིག་ཙམ་སྔོན་མངགས་དགོས་པ་ནས་སྔོན་མངགས་བྱེད་མི་དགོས་པའི་བར་དང་། CTདང་ཉིང་ཁབ་སྔོན་མངགས་དུས་ཚོད་ཀྱང་ཉིན་གཉིས་ནང་ཚུན་བར་ཐུང་དུ་སོང་ནས་ནད་གཞི་ལྟ་མཁན་ལས་བྱེད་པ་དང་མང་ཚོགས་ལ་སྟབས་བདེ་ཆེན་པོ་བསྐྲུན་པས་གདེང་འཇོག་ཡག་པོ་ཐོབ་ཡོད།
འབྲེལ་ཡོད་གྲངས་གཞི་བསྡོམས་རྩིས་བྱས་པར་གཞིགས་ན། 2017ལོར་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གིས་མི་ཐེངས་ཁྲི་61.3ལ་དོས་དྲག་སྨན་བཅོས་བྱས་པ་དང་། མི་ཐེངས་ཁྲི་2.2ནད་སྡོད་སྨན་བཅོས་བྱས་པ། མི་ཐེངས་7937ལ་གཤགས་བཅོས་བྱས་པ་བཅས་རེད།