སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་གྱི་ལོ་གསུམ་གྱི་ལས་ཀའི་སྒྲིལ་གླེང་།
2016ལོའི་ལོ་འགོར་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་དཀྱིལ་རུ་ཤང་རལ་གྲི་སྒང་གྲོང་ཚོའི་གྲོང་མི་བདེ་ཆེན་ལ་སྐྲན་ནད་ཕོག་པའི་ནད་དཔྱད་བྱས་པ་དང་ཨ་མར་སྐྲན་ནད་ཕོག་པ་ཐོས་འཕྲལ་ལྷ་སར་གླ་པ་བྱེད་བཞིན་ཡོད་པའི་བུ་མོ་དབྱངས་ཅན་སེམས་སྡུག་ཚད་མེད་བྱུང་ཡོད།
དབྱངས་ཅན་གྱིས་མྱོང་ཚོར་ཟབ་མོའི་སྒོ་ནས“སྨན་པས་ནང་སར་གཤགས་བཅོས་བྱེད་པར་སྐྱོད་རྒྱུའི་གྲོས་འགོ་བཏོན་རུང་ཁྱིམ་ཚང་ལ་དཔལ་འབྱོར་གྱི་ཆ་རྐྱེན་མེད། རྗེས་སུ་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དུ་བོད་སྐྱོར་སྨན་པ་ཡོད་པ་ཤེས་བྱུང་བས་ང་ཚོས་ལྷ་སར་གཤགས་བཅོས་བྱེད་པར་སྐྱོད་པ་ཡིན། གཤགས་བཅོས་ལམ་ལྷོངས་བྱུང་བ་མ་ཟད། སྨན་རིན་ཡང་དེ་ཙམ་མཐོ་པོ་ཕྱིན་མ་སོང་བས་བོད་སྐྱོར་སྨན་པ་དངོས་གནས་བཀའ་དྲིན་ཆེན་པོ་ཡིན”ཞེས་བཤད།
ད་ཆ་དབྱངས་ཅན་གྱི་ཁྱིམ་ཚང་དང་འདྲ་བའི་ནད་གཞི་དེ་རིགས་ཕོག་པའི་བོད་ཀྱི་ཁྱིམ་ཚང་མང་པོར་ཕན་པ་ཐོབ་པ་དང་ལས་དབང་ལ་འགྱུར་ལྡོག་གཏོང་ཐུབ་པ་བྱུང་བ་ནི་ལོ་གསུམ་གྱི་གོང་ནས་འགོ་བཙུགས་པའི་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ཡིན་པ་རེད།
2015ལོའི་ཟླ་8ཚེས་23ཉིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་འཚོགས་ནས་ཏང་ཀྲུང་དབྱང་གིས་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་དངོས་སུ་བཀོད་སྒྲིག་བྱས་པ་རེད། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་ས་ཁུལ་དང་གྲོང་ཁྱེར་ཁག་གི་མི་དམངས་སྨན་ཁང་ལ་སྨན་བཅོས་ཁ་གཏད་རོགས་སྐྱོར་བྱ་རྒྱུའི་གཏན་འཁེལ་བྱས་པ་དང་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པ”འདེམས་མངགས་བྱས་པ་ནས་བཟུང་རྒྱལ་ཡོངས་ཀྱི་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་བྱེད་འགོ་ཚུགས་པ་རེད།
ལོ་གསུམ་ནང་པེ་ཅིང་དང་། ཧྲང་ཧའེ། ཁྲུང་ཆིང་སོགས་ཞིང་ཆེན་དང་གྲོང་ཁྱེར་7གྱི་སྨན་ཁང་གིས་སྔ་རྗེས་སུ་ཕུལ་བྱུང་སྨན་བཅོས་ཤེས་ལྡན་མི་སྣ་519ཁག་3ལ་བགོས་ནས་བོད་དུ་འདེམས་མངགས་བྱས་པ་རེད། ཁོང་ཚོས་ཐབས་ལམ་སྣ་ཚོགས་བསླབ་པ་དང་ནད་བཅོས་སྲོག་སྐྱོབ་ཀྱིས་ཏང་ཀྲུང་དབྱང་གི་མངགས་བཅོལ་ཟབ་མོ་ཕྲག་ཐོག་ཏུ་འཁུར་ནས་བོད་མི་དམངས་ཀྱི་བདེ་ཐང་དང་བོད་ཀྱི་སྨན་བཅོས་བྱ་གཞག་འཕེལ་རྒྱས་ཆེད་ས་མཐོར་དགའ་སྐྱོ་གཉིས་ལྡན་གྱི་ལེའུ་བརྩམས་ཡོད་པ་རེད།
རོགས་སྐྱོར་ལམ་སྲོལ་ཕྱོགས་ཡོངས་ནས་བཙུགས་པ་དང་སྨན་བཅོས་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་བཏང་བ།
བོད་དུ་སྨན་བཅོས་ཤེས་ལྡན་པ་ཧ་ཅང་དཀོན་པོ་ཡོད་པའི་ཐད་རང་སྐྱོང་ལྗོངས་འཕྲོད་བསྟེན་འཆར་བཙའ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཡུན་ཐིང་ལ་མྱོང་ཚོར་ཟབ་མོ་ཡོད། ཁོང་གིས“མཐོ་རིམ་གོ་མིང་ནས་དམའ་རིམ་གོ་མིང་བར་བསྒྲིགས་ཚེ་རྒྱལ་ཡོངས་སུ་ཤེས་ལྡན་མི་སྣ་ཁྱབ་ཚུལ་གཏོར་གཟུགས་མཆོད་རྟེན་མགོ་རྟིང་སློག་པའི་དབྱིབས་ཤིག་ཆགས་ཡོད་པ་དང་དུས་ཡུན་རིང་པོའི་ནང་བོད་ཀྱི་སྨན་བཅོས་ཤེས་ལྡན་མི་སྣ་གཏོར་གཟུགས་མཆོད་རྟེན་གྱི་དབྱིབས་ལྟར་ཆགས་ནས་གྲུབ་ཆ་ལུགས་དང་མཐུན་གྱི་མེད”ཅེས་བཤད།
དམངས་ཡོངས་ཀྱི་བདེ་ཐང་མེད་ཚེ་ཕྱོགས་ཡོངས་ཀྱི་འབྱོར་འབྲིང་བརྗོད་ཐབས་བྲལ། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་མ་གཏོང་བ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལ་ཁས་ལེན་ཏན་ཏིག་བྱས་པ་ཞིག་རེད།
རང་བྱུང་ཆ་རྐྱེན་ཞན་པའི་བོད་ལྗོངས་སུ་སྨན་བཅོས་ཆུ་ཚད་མགྱོགས་མྱུར་མཐོ་རུ་གཏོང་བ་དང་། མཁྲེགས་ཆས་དང་མཉེན་ཆས་ལེགས་སུ་གཏོང་བ། སྨན་བཅོས་ཞབས་ཞུའི་ཆ་རྐྱེན་ལེགས་སུ་གཏོང་བ། མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་ནད་གཞི་ལྟ་བའི་དགོས་མཁོ་ཏན་ཏིག་སྐོང་བ། ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་མི་རིགས་ཁག་གི་མི་དམངས་ཀྱི་ལུས་སེམས་བདེ་ཐང་འགན་ལེན་བཅས་ཇི་ལྟར་བྱེད་པ་ནི་ཏང་ཀྲུང་དབྱང་ནས་རང་སྐྱོང་ལྗོངས་ཏང་ཨུད་བར་དོ་ཁུར་ཡུན་རིང་བྱེད་པའི་དོན་ཆེན་ཞིག་ཡིན་པ་མ་ཟད། ཏང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་ལག་བསྟར་དང་ཡང་འབྲེལ་བ་ཡོད་པས་དམངས་འཚོ་དང་ཆབ་སྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད།
ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག“བོད་དུ་སྨན་པ་དཀོན་ལ་སྨན་ཉུང་བའི་གནད་དོན་གང་མགྱོགས་ཐག་གཅོད”བྱེད་དགོས་ལུགས་བཏོན་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་འཕེལ་རྒྱས་ལ་དོ་ཁུར་དང་བོད་ཀྱི་མི་དམངས་ལ་ཐུགས་ཁུར་གནང་བའི་བྱེད་ཐབས་གལ་ཆེན་ཞིག་གི་ངོས་ནས་ཏང་ཀྲུང་དབྱང་གི་མཛུབ་སྟོན་དགོངས་པ་གཞིར་བཟུང་། ཀྲུང་དབྱང་རྩ་འཛུགས་པུས་གསར་གཏོད་རང་བཞིན་ངང་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་འཆར་གཞི་བཏོན་པ་དང“ལུགས་མཐུན་དང་། མངོན་འགྱུར་ཐུབ་པ། རྒྱུན་མཐུད་ཐུབ་པ། གདེང་འཇོག་ཐོབ་པ”བཅས་ཀྱི་སྤྱིའི་ལས་ཀའི་བསམ་ཕྱོགས་བཏོན་པ་རེད།
སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་དངོས་སུ་སྤེལ་འགོ་ཚུགས་པ་དེས་བོད་ཀྱི་འཕེལ་རྒྱས་ཐད་ལམ་ཚད་རྡོ་རིང་ཞིག་བཙུགས་པ་མ་ཟད། བོད་ཀྱི་སྨན་བཅོས་དང་འཕྲོད་བསྟེན་བྱ་གཞག་ཐད་མགྱོགས་མྱུར་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བའི་ལམ་བུ་གསར་པ་ཞིག་གསལ་སྟོན་བྱས་ཡོད།
ལོ་གསུམ་རིང་རོགས་སྐྱོར་བྱེད་མཁན་དང་རོགས་སྐྱོར་དང་ལེན་བྱེད་མཁན་ཕྱོགས་གཉིས་པོའི་རིམ་ཁག་སྡེ་ཚན་ཁག་དང་། རྒྱ་ཆེའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་ཤེས་ལྡན་མི་སྣ། ས་གནས་དེ་གའི་སྨན་དོན་མི་སྣ་བཅས་ཀྱི་ཐུན་མོང་འབད་བརྩོན་འོག་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་བོད་ཀྱི་སྨན་བཅོས་ཞབས་ཞུའི་འཇོན་ཐང་དང་དོ་དམ་གྱི་ཆུ་ཚད་ལ་ལོ་རྒྱུས་རང་བཞིན་གྱི་ཡར་རྒྱས་བྱུང་ནས་བོད་ཀྱི་སྨན་བཅོས་དང་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་མགྱོགས་པོ་ཡོང་བའི་མྱུར་ལམ་དུ་བསྐྱོད་རྒྱུར་ཁྲིད་སྟོན་བྱས་ཡོད་པ་རེད།
བསྡོམས་རྩིས་ལ་གཞིགས་ན། ལོ་གསུམ་གྱི་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་བརྒྱུད། ད་ཆ་རང་ལྗོངས་སུ“ཆག་པ་གཉིས་དང་། རིང་བ་གཅིག བཅོས་ཐུབ་པ་གསུམ”སྟེ(སྦྲུམ་མ་དང་ཕྲུ་གུ་དམར་འབྱར་ཤི་ཚད་ཆག་པ་དང་། མི་རེའི་ཆ་སྙོམས་ཚེ་ཚད་རིང་དུ་ཕྱིན་པ། ནད་གཞི་ཆུང་གྲས་རྫོང་དུ་བཅོས་ཐུབ་པ་དང་། འབྲིང་གྲས་གྲོང་ཁྱེར་དུ་བཅོས་ཐུབ་པ། ཆེ་གྲས་རང་སྐྱོང་ལྗོངས་སུ་བཅོས་ཐུབ་པ)བཅས་ཀྱི་དམིགས་ཚད་མགྱོགས་མྱུར་མངོན་འགྱུར་ཐུབ་པར་སྐུལ་མ་ཐེབས་ཡོད།
མིག་སྔར་ལྗོངས་ཡོངས་སུ་ཕྲུ་གུ་དམར་འབྱར་ཤི་ཚད་2014ལོ་ལས་6.43‰ཆག་པ་དང་། སྦྲུམ་མ་སྨན་ཁང་དུ་ཕྲུ་གུ་སྐྱེ་ཚད་8.47%འཕར་བ། སྦྲུམ་མ་ཤི་ཚད་6.86/ཁྲི་10ཆག་པ་བཅས་རེད།
2014ལོ་དང་བསྡུར་ཚེ་རང་ལྗོངས་སུ“1+7”སྨན་ཁང་གི་སྒོ་བསྟེན་སྨན་བཅོས་བྱེད་ཚད་དང་། སྨན་ཁང་དུ་སྡོད་ཚད། གཤགས་བཅོས་བྱེད་ཚད་བཅས་སོ་སོར་17.34%དང་། 62.59% 62.59%བཅས་འཕར་ཡོད་པ་དང་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་བརྒྱུད་སྨན་བཅོས་འཕྲོད་བསྟེན་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས་ལ་ཁྱབ་འགྱེད་རྣམ་པའི་ཁྲིད་སྟོན་བྱུང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་དང་ཐོབ་ཚོར་ཆེ་རུ་ཕྱིན་ཡོད།
ཤེས་ལྡན་མི་སྣ་གསོ་སྐྱོང་ལ་ཕན་འབྲས་དངོས་ཐོན་པ་དང་སྒྲིག་གཞི་སྒྱུར་བཅོས་བྱེད་འགོ་བརྩམས་པ།
ཚེ་རིང་མགོན་པོ་ནི་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་བྱིས་པའི་ཚན་ཁག་གི་གཙོ་བཅོས་སྨན་པ་ཞིག་རེད། ཉིན་དེར་ཁོང་གིས་གློ་ཡུའི་བརྟག་ཤེལ་སྤྱད་དེ་ནད་གཞི་ཕོག་མཁན་བྱིས་པར་གཤགས་བཅོས་བྱེད་བཞིན་ཡོད་པ་དང་གཤགས་བཅོས་དེ་རིགས་ནི་ཁོང་གིས་ལོ་གསུམ་རིང་ཧ་ཅང་མང་པོ་བྱས་ཡོད། ལོ་གསུམ་གྱི་གོང་བོད་དུ་བྱིས་པའི་གློ་ཡུར་འཚང་བའི་དངོས་པོ་འདོན་པའི་གཤགས་བཅོས་བྱེད་ཐབས་བྲལ་བ་དང་བོད་སྐྱོར་སྨན་བཅོས་རིགས་གཅིག་མཁས་ཅན་སླེབས་པ་ནས་བཟུང་གློ་ཡུའི་བརྟག་ཤེལ་སྨན་བཅོས་ལྟེ་གནས་འཛུགས་རོགས་བྱས་པ་མ་ཟད་ཚེ་རིང་མགོན་པོ་ཚུད་པའི་ས་གནས་དེ་གའི་སྨན་དོན་མི་སྣ་8གསོ་སྦྱོང་བྱས་པ་རེད།
ཚེ་རིང་མགོན་པོས“བོད་སྐྱོར་དགེ་རྒན་གྱིས་ང་ཚོར་གཤགས་བཅོས་བྱེད་སྟངས་སློབ་པ་མ་ཟད། ང་ཚོའི་ལྟེ་གནས་བཙུགས་ནས་ད་བར་གཤགས་བཅོས་ཐེངས་210ཙམ་བྱས་པ་ལས་གསུམ་ཆ་གཉིས་ས་གནས་འདི་གའི་སྨན་པས་བྱས་པ་ཤ་སྟག་རེད། ལག་རྩལ་དེ་བོད་དུ་རྦད་དེ་བྱང་ཆུབ་ཡོད་ཅེས་བརྗོད་ཆོག”ཅེས་བཤད།
ཉ་སྟེར་བ་ལས་ཉ་འཛིན་སྟངས་བསླབས་ན་ཡག
ནད་པ་དང་ནད་པའི་ནང་མི་ཕུད། བོད་སྐྱོར་སྨན་བཅོས་རུ་ཁག་སླེབས་པ་ནས་བཟུང་མྱོང་ཚོར་ཟབ་ཤོས་དང་། ཤུགས་རྐྱེན་ཆེ་ཤོས། ཕན་པ་ཐད་ཀར་ཐོབ་མཁན་བཅས་ནི་བོད་ཀྱི་ས་གནས་འདི་གའི་སྨན་དོན་མི་སྣ་རེད།
སྨན་ཁང་འཕེལ་རྒྱས་གཏོང་བའི་འགག་རྩ་ནི་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་རག་ལུས་པ་དང་རྒྱལ་ཁབ་ཀྱི་སྲིད་ཇུས་གཟིགས་སྐྱོང་དང་ཤེས་ལྡན་མི་སྣ་ནང་འདྲེན་བྱས་པའི་རྨང་གཞིའི་ཐོག་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་གྱིས་ས་གནས་འདི་གའི་སྨན་བཅོས་མི་སྣ་གསོ་སྦྱོང་དང་གསོ་སྐྱོང་ལ་དེ་བས་སྣང་ཆེན་བྱེད་ཀྱི་ཡོད།
ལྗོངས་ཏང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་ཀུའོ་ཆང་གིས་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་གྱི་གཙོ་གནད་ལས་དོན་ཁག་གསུམ་ལས་གཅིག་ནི་དེ་སྔ་བཅོས་ཐབས་བྲལ་བའི་ནད་གཞི་ཚབས་ཆེན་དང་གློ་བུར་དུ་ཐོན་པའི་ནད་གཞི་བཅོས་ཐབས་བྲལ་བར་དམིགས་ནས་རོགས་སྐྱོར་དང་ལེན་བྱེད་མཁན་སྨན་ཁང་ལ་འབྲེལ་ཡོད་ཚན་ཁག་འཛུགས་རོགས་བྱས་པའམ་ཡང་ན་རིམ་པ་མཐོ་རུ་གཏོང་རོགས་བྱས་པ་དང་། གཉིས་ནི“རྒྱུད་རོགས་འཁྲིད”གསུམ་གྱི་ལམ་ལུགས་བཙུགས་ནས་ས་གནས་འདི་གའི་སྨན་བཅོས་ཤེས་ལྡན་མི་སྣའི་དཔུང་ཁག་གསོ་སྐྱོང་བྱས་པ། གསུམ་ནི་ནང་སའི་སྨན་ཁང་གི་སྔོན་ཐོན་དོ་དམ་རྣམ་པ་བོད་དུ་སྤྱད་དེ་དེང་རབས་སྨན་བཅོས་དོ་དམ་ལམ་ལུགས་བཙུགས་པ་རེད་ཅེས་ངོ་སྤྲོད་བྱས།
ས་གནས་འདི་གར་སེམས་གནས་ཐུབ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ་དང་ནམ་ཡང་བྱང་ཆུབ་པའི་ལག་རྩལ་བསླབས་ནས། སྨན་བཅོས་བོད་སྐྱོར་བྱེད་ཐབས་ཐད་གཞན་བརྟེན་ནས་རང་བརྟེན་དུ་འགྱུར་ཐུབ་པར་བྱས་པ་རེད།
“ནམ་ཡང་གནས་ཐུབ་པའི”སྨན་བཅོས་རུ་ཁག་གཅིག་འཛུགས་རྒྱུར་དམིགས་ནས“རུ་ཁག་གིས་རུ་ཁག་གི་སྣེ་འཁྲིད་པ”དང“རིགས་གཅིག་མཁས་ཅན་གྱིས་རྐང་འཛིན་གྱི་སྣེ་འཁྲིད་པ”“དགེ་རྒན་གྱིས་དགེ་ཕྲུག་གི་སྣེ་འཁྲིད་པ”བཅས་ཀྱི་ལམ་སྲོལ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་སྨན་དོན་མི་སྣ་930བདམས་གསེས་ཞིབ་ཚགས་བྱས་ནས་འབྲེལ་མཐུད་རུ་ཁག་གཅིག་གྲུབ་སྟེ་ཆ་སྒྲིག་སློབ་སྦྱོང་བྱེད་པར་བཏང་བ་དང་། རིམ་པ་མི་འདྲ་བའི་སྨན་བཅོས་རྐང་འཛིན་པ་620གསོ་སྐྱོང་བྱས་པ། བོད་སྐྱོར་རིགས་གཅིག་མཁས་ཅན་གྱི་ཁྲིད་རོགས་འོག་ས་གནས་འདི་གའི་སྨན་པ་192ཀྱིས་གཤགས་བཅོས་གསར་པ་1ནས་2བར་རང་རྐྱ་འཕེར་ནས་བྱེད་ཐུབ་པ། མི་575ཡི་གོ་མིང་འཕར་ཐུབ་པ་བཅས་བྱུང་ཡོད།
དུས་ཐུང་ལོ་གསུམ་རིང་། ས་གནས་འདི་གའི་སྨན་དོན་མི་སྣ་འབོར་ཆེན་ཞིག་འཚར་ལོངས་བྱུང་ནས་དེ་སྔའི“བོད་སྐྱོར་རིགས་གཅིག་མཁས་ཅན་ཡོད་སྐབས་ནང་སའི་ཆུ་ཚད་དུ་སླེབས་པ་དང་བོད་སྐྱོར་རིགས་གཅིག་མཁས་ཅན་ལོག་རྗེས་དེ་གོང་གི་ཆུ་ཚད་དུ་སླར་ཡང་ལོག་པའི”རྣམ་པ་དེ་མེད་པར་གྱུར་ཡོད།
སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་བྱེད་རིང་རང་ལྗོངས་ཀྱི་རོགས་སྐྱོར་དང་ལེན་བྱེད་མཁན་སྨན་ཁང་8ཀྱི་ཡོན་ཀྲང་ཚང་མ་སྣེ་ཁྲིད་སྨན་ཁང་གི་དོ་དམ་ཉམས་མྱོང་ཕུན་སུམ་ཚོགས་པ་དང་སྨན་བཅོས་ལག་རྩལ་བྱང་ཆུབ་པའི་མི་སྣས་འགན་འཁུར་བ་དང་ཚན་ཁག་གི་ཀྲུའུ་རེན་ནམ་ཡང་ན་རྒྱུན་ལས་ཀྲུའུ་རེན་གཞོན་པ་མང་ཆེ་བ་མཐོ་རིམ་གྱི་གོ་མིང་ལྡན་པའི་བོད་སྐྱོར་རིགས་གཅིག་མཁས་ཅན་གྱིས་འགན་ཁུར་ནས་ཚན་ཁག་གི་སྟོབས་ཤུགས་ཆེ་རུ་ཞེ་དྲག་བཏང་བ་དང་དུས་མཚུངས། བོད་ཀྱི་ནད་ཡམས་ཁྱབ་ཚུལ་དང་ཟུང་འབྲེལ་བྱས་ནས་ནང་སའི“ཀ་པ་རིམ་པ་གསུམ་པའི”སྨན་ཁང་65ཡིས་རོགས་སྐྱོར་དང་ལེན་བྱེད་མཁན་སྨན་ཁང་ལ་གཙོ་གནད་ཚན་ཁག་164སྐྲུན་རོགས་བྱས་པ་དང་རོགས་སྐྱོར་དང་ལེན་བྱེད་མཁན་སྨན་ཁང་མང་ཆེ་བར་ICUདང་། ཟུངས་ཁྲག་སིམ་དབྱེ་ལྟེ་གནས། ནད་ཁམས་ཚན་ཁག་སོགས་བཙུགས་པ་དང་སྙིང་ཀླད་ཁྲག་རྩའི་ཁོག་ནད་ཚན་ཁག་དང་། བུད་མེད་ཚན་ཁག བྱིས་པའི་ཚན་ཁག རུས་ནད་ཚན་ཁག ཁྲག་རྒྱུན་ཚན་ཁག་སོགས་ས་མཐོའི་ཁྱད་ཆོས་ལྡན་པ་དང་སྨན་བཅོས་ཀྱི་དགོས་མཁོ་དང་མཐུན་པའི་ཚན་ཁག་75བཙུགས་ཡོད་པ་རེད།
ལོ་གསུམ་རིང་བོད་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གི་རྣམ་པར་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་བྱུང་ནས་སྨན་བཅོས་ཞབས་འདེགས་ཆུ་ཚད་ལ་ལོ་རྒྱུས་རང་བཞིན་གྱི་ཡར་རྒྱས་བྱུང་ཡོད།
ཚོགས་སྒྲིག་རྣམ་པའི་སྨན་བཅོས་བོད་སྐྱོར་ལས་དོན་ལག་བསྟར་བྱས་ནས་ལོ་གསུམ་སོང་རིང་བོད་ཀྱི་སྨན་ཁང་གི་དོ་དམ་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་ལས་དོན་ཁག་རིམ་བཞིན་ལམ་ལུགས་ཅན་དང་ཚད་ལྡན་ཅན་དུ་འཕེལ་རྒྱས་སོང་ཡོད། མིག་སྔར་ལྷ་ས་དང་། ཉིང་ཁྲི། ལྷོ་ཁ། གཞིས་རྩེ་བཅས་གྲོང་ཁྱེར་མི་དམངས་སྨན་ཁང“ཀ་པ་རིམ་པ་གསུམ་པའི”སྨན་ཁང་ལ་གྲུབ་འབྲས་ཐོབ་པའི་ངང་རིམ་པ་འཕར་བ་དང་། ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང“ཀ་པ་རིམ་པ་གསུམ་པར”དངོས་སུ་ཞིབ་དཔྱད་བྱུང་བ། 2016ལོའི་ཟླ་12པར་མངའ་རིས་ས་ཁུལ་མི་དམངས་སྨན་ཁང“ཀ་པ་རིམ་པ་གཉིས་པར”དངོས་སུ་རིམ་པ་འཕར་ནས་རྒྱལ་ཡོངས་ཀྱི་རིམ་པ་དཔྱད་བསྡུར་མེད་པའི་ས་ཁུལ་རིམ་པའི་སྨན་ཁང་མཐའ་མའི་ལོ་རྒྱུས་མཇུག་འགྲིལ་བ་རེད། རིམ་པའི་སྨན་ཁང་ཞིབ་དཔྱད་གདེང་འཇོག་བྱས་པ་བརྒྱུད། རོགས་སྐྱོར་དང་ལེན་བྱེད་མཁན་སྨན་ཁང་གིས་ནང་ངོས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས“ནད་པ་གཙོ་བོར”བྱེད་པ་དང་སྨན་བཅོས་ཀྱི་སྤུས་ཚད་དང་། ནད་པའི་བདེ་འཇགས། སྨན་བཅོས་ཞབས་འདེགས་བཅས་ལེགས་སུ་བཏང་ནས་བོད་ཀྱི་མང་ཚོགས་ཀྱིས་ཡིད་ཆེས་བྱ་ཆོག་པའི་སྨན་ཁང་སྤུས་ལེགས་ལ་གྱུར་ཡོད་པ་རེད།
གངས་ལྗོངས་ས་མཐོར་བརྩེ་སེམས་བཅངས། བོད་སྐྱོར་བརྩེ་དུང་གང་ལེགས་མངོན།
2017ལོའི་ཟླ་6པར་དབྱིང་ཁྲེན་ཤིས་ཨ་རིར་སློབ་སྦྱོང་བྱེད་པར་བསྐྱོད་རྒྱུའི་གྲ་སྒྲིག་བྱེད་སྐབས་བོད་སྐྱོར་སྨན་པར་མངགས་པའི་བརྡ་ཐོ་འབྱོར། བླ་ན་མེད་པའི་འགན་འཁྲི་འཁུར་སེམས་ལས་ཨ་རིར་སློབ་སྦྱོང་བྱེད་པར་བསྐྱོད་རྒྱུའི་བསམ་པ་དོར་བ་དང་དབྱིང་ཁྲེན་ཤིས་ཀྱིས་བདེན་དོན་ཐད་ཕྱིར་བཤོལ་མི་བྱེད་པར་བོད་སྐྱོར་ལས་བྱེད་དཔུང་ཁག་ཏུ་ཞུགས།
ཨ་རིའི་ཧ་ཧྥུའུ་སློབ་ཆེན་གསོ་རིག་སློབ་གླིང་གི་མཆོག་རམས་པ་ལིའུ་ཆིང་ཧྭ་ཡིས་ལོ་བཅུ་ལྷག་ཙམ་གྱི་སྨན་བཅོས་ལས་དོན་སྒྲུབ་རིང་བོད་སྐྱོར་ཐེངས་གསུམ་བྱས། ཁོང་གིས་བོད་རིགས་ཕྲུ་གུའི་མིག་ཟུང་དང་ས་མཐོར་སྨན་པ་དཀོན་པ་དང་སྨན་མི་འདང་བའི་སྨན་བཅོས་ཆ་རྐྱེན་ལས་ངར་བག་ཆགས་ཟབ་མོ་ཞིག་བྱུང་ལ་ང་དང་བོད་དབར་ངོ་མཚར་གྱི་ལས་འབྲེལ་ཞིག་བྱུང་ཞེས་བཤད།
ལྷ་སར་ལས་ཀ་མ་བྱས་གོང་། ལི་ཅ་མོའུ་པེ་ཅིང་ཐན་ཐའེ་སྨན་ཁང་གིས་ཨ་རིར་སློབ་སྦྱོང་བྱེད་པར་སྐྱོད་མཁན་བཅུའི་གྲས་ཀྱི་རྐང་འཛིན་སྨན་པ་ཞིག་ལ་གཏན་འཁེལ་བྱས། ཁོང་གིས་བོད་སྐྱོར་ལས་འགན་ཁུར་ཏེ“ཨ་རི་ནི‘རང་ཉིད་ཀྱིས་སྐྱོད་འདོད་ཆེ་ཤོས’དང་ལྷ་ས་ནི‘རང་ཉིད་སྐྱོད་དགོས་ངེས’ཤིག་ཡིན་པས་སྔོན་ལ་དེ་བས་དགོས་གལ་ཆེ་བའི་ས་ཆ་དེར་འགྲོ་གི་ཡིན”ཞེས་བཤད།
བོད་སྐྱོར་སྨན་པས་བལྟས་ཚེ་མེས་རྒྱལ་གྱི་ཆེས་དགོས་ངེས་ཀྱི་ས་ཆར་སྐྱོད་པ་ནི་མི་ཚེར་འགྱོད་པ་མེད་པའི་གདམ་ག་ཞིག་རེད།
ལོ་གསུམ་རིང་རྒྱ་ཆེའི་བོད་སྐྱོར་སྨན་བཅོས་རིགས་གཅིག་མཁས་ཅན་གྱིས“ཚེ་སྲོག་ལ་གུས་བཀུར་སྲུང་སྐྱོང་དང་། ནད་བཅོས་སྲོག་སྐྱོབ། ལེགས་སྐྱེས་འབུལ་འདོད་པ། བརྩེ་སེམས་ཆེན་པོ་འཆང་བ”བཅས་ཀྱི་སྙིང་སྟོབས་ཀྱིས་ནད་ཐོག་སྨན་བཅོས་ཀྱི་འཐབ་ས་དང་པོར་སློབ་ཁྲིད་ནན་ཏན་བྱས་ཏེ་སྐོར་ཞིབ་སྨན་བཅོས་དང་འོས་འགན་སྨན་བཅོས་དང་སྨན་སྐྱེལ་བའི་བྱེད་སྒོ་སྤེལ་རིང་བོད་རྒྱའི་བརྩེ་དུང་ཇེ་ཟབ་ཏུ་ཕྱིན་པ་དང་བརྩེ་སེམས་ཟབ་མོས་གངས་ལྗོངས་ས་མཐོར“བདེ་ཐང་གི་ལམ་བུ”ཞིག་བཏོད་དེ་བྱམས་བརྩེ་ལྡན་ལ་ཡིད་ཆེས་བྱ་ཆོག་པའི་སྨན་པ་བཟང་པོ་མང་དག་ཅིག་བོད་རིགས་མང་ཚོགས་ཁྲོད་དུ་རྩ་བ་ཚུགས་ཐུབ་པར་བྱུང་བ་རེད།
ཆ་རྐྱེན་ལེགས་ལ་འཁྲུག་ཆ་དོད་པའི་གྲོང་ཁྱེར་ནས་རང་བྱུང་ཆ་རྐྱེན་ཞན་པའི་བོད་དུ་ལས་ཀ་བྱེད་པར་སྐྱོད་སྐབས། ས་མཐོར་མི་འཕྲོད་པའི་དཀའ་ངལ་ཁྱད་བསད་ཇི་ལྟར་བྱ་རྒྱུ་ནི་བོད་སྐྱོར་སྨན་པ་མང་པོས་ཐོག་མར་ཁྱད་བསད་བྱེད་དགོས་པ་ཞིག་རེད།
བོད་སྐྱོར་བྱས་ནས་ཡུན་རིང་མ་སོང་བའི་པེ་ཅིང་ཅི་ཧྲུའེ་ཐན་སྨན་ཁང་གི་ཀུང་ཞའོ་ཧྥུང་གིས་རང་ཉིད་ལ་སྙིང་ནད་ཕོག་པ་ཤེས། འོན་ཀྱང་ཁོང་གིས་གསོ་རླུང་རྔུབ་ཀྱིན་དུ་གཤགས་བཅོས་བྱས། “ཚེ་སྲོག་ཐེངས་གཅིག་ལས་མེད་པས་ཚེ་འདིར་ས་མཐོའི་མང་ཚོགས་ལ་ལས་ཀ་བྱེད་པ་ནི་ངའི་གཟི་བརྗིད་ཡིན”ཞེས་བཤད།
ཀུང་ཞའོ་ཧྥུང་དང་འདྲ་བར་སྨན་བཅོས་བོད་སྐྱོར་རུ་མི་མང་པོས་ས་གནས་འདི་གའི་མང་ཚོགས་ལ་ཤེས་བྱ་མང་པོ་ཞིག་འགྲེལ་བཤད་རྒྱག་པ་དང་ནད་པར་ནད་ཐོག་སྨན་བཅོས་ཀྱི་གནད་དོན་ཐག་གཅོད་རོགས་བྱ་ཆེད་དཀའ་ངལ་སྣ་ཚོགས་ཁྱད་བསད་ཀྱིས་གཤགས་བཅོས་བྱེད་པ་ནི་ལས་ཀའི་རྒྱུན་རྣམ་དུ་གྱུར་ཡོད།
བོད་དུ་ས་བབ་མཐོ་ལ་གསོ་རླུང་མི་འདང་ནའང་འཛུམ་མདངས་དང་སྙིང་སྟོབས་འདང་ངེས་ཡོད། བོད་སྐྱོར་སྨན་པ་མང་པོ་ཞིག་གིས་བོད་ཀྱི་བརྗིད་ཉམས་ལྡན་པའི་རི་བོ་ལས་ང་ཚོའི་ཡིད་དབང་བཀུག་བྱུང་། བོད་ཀྱི་ལས་བྱེད་པའི་ལེགས་སྐྱེས་འབུལ་འདོད་པའི་སྙིང་སྟོབས་ལས་ང་ཚོར་ཤུགས་རྐྱེན་ཆེན་པོ་ཐེབས་བྱུང་ཞེས་བཤད།
2017ལོའི་ཟླ་9པའི་ཟླ་མཇུག་ཏུ་ཧྲང་ཧའེ་གྲོང་ཁྱེར་གྱི་བོད་སྐྱོར་སྨན་པ་ལི་ཤན་ཁའེ་ཡིས་ཚན་ཁག་གི་སྨན་པའི་སྣེ་ཁྲིད་དེ་སྙིང་ཆུ་བསགས་པའི་རྨོ་བོ་ལགས་གཅིག་གི་ནད་གཞི་ཚོད་འཛིན་ཐུབ་རྗེས་རྨོ་བོ་ལགས་ཀྱིས“གུང་ཁྲན་ཏང་གིས་བཏང་བའི་སྨན་བཅོས་རུ་ཁག་མེད་ཚེ་སྨན་པ་བཟང་པོ་འདི་འདྲ་ག་ལ་ཡོད་སྲིད་ལ་ངའི་ནད་གཞིའང་དྲག་སྐྱེད་ག་ལ་ཐུབ། གལ་སྲིད་སྤྱི་ཚོགས་རྙིང་པ་ཡིན་ཚེ་ད་རེས་ང་ཤི་ཡོད་ཀྱི་རེད། གུང་ཁྲན་ཏང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད།
ལི་ཤན་ཁའེ་ཡིས་མི་སེར་གྱི་བབ་ཆགས་པའི་སྐད་ཆ་ནི་ང་དང་ཚན་ཁག་གི་སྨན་པའི་ལྕག་སྐུལ་ཆེ་ཤོས་ཡིན་ལ་ཚོགས་སྒྲིག་རྣམ་པའི་སྨན་བཅོས་བོད་སྐྱོར་གྱིས་ཚད་མཐོའི་ངོས་འཛིན་དང་ཁས་ལེན་བྱས་པ་ཞིག་རེད་ཅེས་བཤད།
སློབ་ཆེན་སློབ་མ་དབྱངས་ཅན་སྒྲོལ་དཀར་ལ་འདུས་འདྲིལ་ཀླད་སྐྱིའི་གཉན་ཚད་ཕོག་ནས་སྨན་ཁང་དུ་ལུས། ཁོང་གི་ཁྱིམ་དུ་གྲུམ་ནད་ཕོག་ནས་ལོ་མང་ཉལ་སར་ལུས་པའི་ཨ་མ་ཞིག་ཡོད་པ་ཤེས་སྐབས། པེ་ཅིང་གྲོང་ཁྱེར་གྱི་བོད་སྐྱོར་སྨན་པ་ལི་ཅུན་ཅེས་འཕྲལ་མར་ཞལ་འདེབས་རྒྱག་རྒྱུའི་གྲོས་འགོ་བཏོན། ལི་ཅུན་ཅེ་དང་ནད་སྐྱོང་དཔོན་གྱིས་ཞལ་འདེབས་དངུལ་སྒོར་ཁྲི་1.8ལྷག་ཙམ་ནད་པའི་པ་ཕར་སྤྲད་པས་པ་ཕར་སེམས་འགུལ་ཚད་མེད་ཐེབས་ནས་མིག་ཆུ་དབང་མེད་དུ་ཤོར།
“བོད་སྐྱོར་བྱ་སྤྱོད་ཐེངས་གཅིག་གིས་ཚེ་གང་བོད་ལ་བརྩེ་སེམས་བཅངས”བོད་སྐྱོར་སྨན་པ་མང་པོས་བོད་རང་ཉིད་ཀྱི་ཕ་ཡུལ་གཉིས་པར་བརྩིས་པ་དང་སྨན་པ་མང་པོ་ཞིག་ནང་སར་ལོག་ཀྱང་སེམས་པ་ས་མཐོར་བཅངས་པ་དང་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་ཐང་ལ་ཞབས་འདེགས་ཞུ་རྒྱུ་སྔར་བཞིན་ཡིད་ལ་བཅངས།
2017ལོའི་ཟླ་3པར་རྒྱལ་ཁབ་འཕྲོད་བསྟེན་འཆར་རྩ་ཨུ་ལྷན་དང་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱིས་མཉམ་དུ་གཉེར་བའི“སྨན་པ་བཟང་ཤོས་འཚོལ་བ”ཞེས་པའི་སྤྱི་ཕན་བྱེད་སྒོ་ཆེ་གྲས་ལ་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་རུ་ཁག་ལ་རྒྱལ་ཡོངས་ཀྱི“སྨན་པའི་རུ་ཁག་བཟང་ཤོས”ཀྱི་གཟི་བརྗིད་མཚན་སྙན་འབའ་ཞིག་དེ་ཐོབ་པ་རེད།
འགན་འཁུར་རྩོམ་སྒྲིག་པ། 次仁曲珍
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣