དབུ་ཤོག>གསར་འགྱུར།
  • ཉིང་ཁྲི་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-07-27

    དབྱར་དུས་ཀྱི་ཉིང་ཁྲིར་གནམ་གཤིས་སྐྱིད་ལ་མཛེས་ལྗོངས་ལྟ་ན་སྡུག་པ་ཞིག་ཡོད། མཛེས་སྡུག་ལྡན་པའི་གངས་ལྗོངས་ས་མཐོར་མི་སེམས་འགུལ་བའི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཅིག་ཉིང་ཁྲི་མི་དམངས་ཀྱི་མ་ཡུམ་གཙང་པོར་གྲགས་པའི་ཉང་ཆུ་གཙང་འགྲམ་ནས་སྒྲོག་བཞིན་ཡོད།

    བོད་རིགས་དང་། རྒྱ་རིགས། མོན་པ་རིགས། ལྷོ་པ་རིགས། ཏེང་པ་བ་སོགས་མི་རིགས་མང་པོ་འདུས་སྡོད་བྱེད་པའི་ས་གཞི་དེའི་སྟེང་མི་རིགས་ཁག་གི་བུ་ཕྲུག་རྣམས་གཉེན་ཉེ་ལྟར་འཆམ་མཐུན་དང་ལྟ་རེས་སྲུང་རེས་བྱེད་བཞིན་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བཏོད་དང་གཏོད་མུས་སུ་མཆིས་ལ། ཉང་ཆུང་གཙང་འགྲམ་ནས་དྲི་བསུང་གང་སར་མཆེད་པའི་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ཞིག་རབ་ཏུ་བཞད་བཞིན་མཆིས།

    ཐའེ་ཀྲའོ་གྲོང་ཚོར།

    མཐུན་སྒྲིལ་གྱི་མེ་ཏོག་མཉམ་དུ་གསོ་བ་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་དུ་སྤྱོད་པ།

    ཀོང་པོ་རྒྱ་མདའ་རྫོང་རྒྱ་མདའ་ཤང་ཐའེ་ཀྲའོ་གྲོང་ཚོ་རྒྱལ་ལམ་318ཀྱི་འགྲམ་དང་། ཉང་ཆུ་གཙང་པོ་དང་ཉག་ཆུ་གཙང་པོ་སྦྲེལ་མཚམས། གླང་ཆེན་རི་བོའི་རི་འདབས་བཅས་སུ་ཆགས་ཤིང་། ལོ་རྒྱུས་ཡུན་རིང་ལྡན་ལ་ཡུལ་སྲོལ་གོམས་གཤིས་ཕུན་སུམ་ཚོགས་པོ་ཡོད།

    ལོ་མང་རིང་། ཐའེ་ཀྲའོ་གྲོང་ཚོའི་ཏང་ཀྲི་པུས་མི་རིགས་མཐུན་སྒྲིལ་གྱི་ལོ་རྒྱུས་ཀྱི་བྱས་རྗེས་རྨང་གཞིར་བྱས་ནས་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་ཏན་ཏིག་དང་། རང་ངོས་ཀྱི་དོན་དངོས་ལ་གཞི་ཚུགས་པ། མི་རིགས་མཐུན་སྒྲིལ་ཉིད་འཕེལ་རྒྱས་དང་བརྟན་ལྷིང་གི་དོན་ཆེན་ཨང་དང་པོར་བརྩི་བ། མི་རིགས་མཐུན་སྒྲིལ་གྱི་ལས་ཀའི་ལམ་སྲོལ་གསར་གཏོད་གཞི་རྟེན་དུ་བྱེད་པ། དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་གཏོང་རྒྱུ་གཙོ་གནད་དུ་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་ཀའི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་པ། ལས་དོན་ཁག་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་པས། གྲོང་ཚོ་ཧྲིལ་པོ་ནས་མི་རིགས་མཐུན་སྒྲིལ་དང་། སྤྱི་ཚོགས་བརྟན་ལྷིང་། དཔལ་འབྱོར་གོང་འཕེལ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་མངོན་ཡོད།

    ཐའེ་ཀྲའོ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བཀྲ་གཡང་ནི་མི་རིགས་མཐུན་སྒྲིལ་གྱི་མིག་དཔེ་ཡིན་ཞིང་། ལོ་མང་རིང་ཁོང་གིས་གྲོང་ཚོ་ཧྲིལ་པོའི་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱུག་འགྱུར་ལམ་བུ་འཚོལ་རོགས་བྱས་པ་རེད། 1995ལོ་ནས་བཟུང་བཀྲ་གཡང་གི་སྣེ་ཁྲིད་འོག་རྫོང་དེའི་ཞིང་འབྲོག་པའི་ཨར་ལས་རུ་ཁག་དང་པོ་དེ་བཙུགས་པ་དང་ལོ་མང་རིང་འབད་འཐབ་བྱས་པར་བརྟེན། ཨར་ལས་རུ་ཁག་རིམ་བཞིན་སྟོབས་ཆེར་ཕྱིན་ཏེ། མིག་སྔར་ལོར་ཡོང་འབབ་སྒོར་ཁྲི་210ལྷག་ཙམ་རག་གི་ཡོད་པ་རེད། བཀྲ་གཡང་གི་སྣེ་ཁྲིད་འོག་ཐའེ་ཀྲའོ་གྲོང་ཚོའི་གྲོང་མི་ཡོངས་ཀྱི་བསམ་བློར་བཅིངས་འགྲོལ་དང་ལྟ་བར་འགྱུར་ལྡོག་ཕྱིན་ནས་འབབ་འཕར་ཐབས་ལམ་འཚོལ་ཞིབ་བྱེད་བཞིན་ཡོད། ཕྱིར་ཨར་པོར་འགྲོ་བ་དང་། ཚོང་རྒྱག་པ། ཁྱིམ་ཚང་མགྲོན་ཁང་གཉེར་བ། བོད་ཟས་ཟ་ཁང་གཉེར་བ། དངོས་ཟོག་སྐྱེལ་འདྲེན་རུ་ཁག་འཛུགས་པ། རིག་རྩལ་འཁྲབ་སྟོན་རུ་ཁག་འཛུགས་པ་སོགས་ལ་བརྟེན་ནས་ཡོང་འབབ་འཕར་ཐབས་བྱས་པས་འཚོ་བ་ཉིན་རེ་ལས་མ་འདས་པར་ལེགས་སུ་ཕྱིན་ཡོད།

    རྒྱ་ཤིང་ཤང་སློབ་ཆུང་དུ།

    མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རབ་ཏུ་བཞད་པ།

    ཀོང་པོ་རྒྱ་མདའ་རྫོང་རྒྱ་ཤིང་ཤང་ལྟེ་བའི་སློབ་ཆུང་དུ་སྐྱོད་སྐབས་ཤེས་དཔལ་དང་། ཞི་མཐུན། ཡར་བརྩོན། ཡར་རྒྱས་བཅས་ཀྱི་རྣམ་པ་གང་སར་མཐོང་རྒྱུ་ཡོད།

    ཉེ་བའི་ལོ་ཤས་རིང་རྒྱ་ཤིང་ཤང་ལྟེ་བའི་སློབ་ཆུང་གིས་བདེ་ཐང་དང་། སྤྱང་གྲུང་ལྡན། ཡ་རབས། སྤྲོ་སྣང་བཅས་ཀྱི་སློབ་གྲྭའི་གདམ་ཚིག་ལ་གཞིགས་ནས་མི་རིགས་མཐུན་སྒྲིལ་གྱི་སློབ་གྲྭ་བཏོད་པ་དང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་ཏེ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཉང་ཆུ་གཙང་པོའི་རིག་གནས་སློབ་གྲྭ་ཞིག་བཏོད་པ་རེད།

    དགེ་རྒན་29དང་སློབ་མ་370ལས་གྲུབ་པའི་མི་རིགས་མང་པོ་འདུས་པའི་སློབ་གྲྭའི་ནང་མི་རིགས་ཁག་གི་དགེ་སློབ་དབར་ཁྱིམ་ཚང་གཅིག་ལྟར་བརྩེ་སེམས་ཟབ་མོ་ཡོད། མཐུན་སྒྲིལ་ལྡན་པའི་དགེ་རྒན་དཔུང་ཁག་འཛུགས་རིང་། སློབ་གྲྭས་རྣམ་པ་སྣ་ཚོགས་ཀྱི་མི་རིགས་མཐུན་སྒྲིལ་འཛུགས་སྐྱོང་བྱེད་སྒོ་སྤེལ་ཏེ་མི་རིགས་ཁག་གི་དགེ་རྒན་རང་ཉིད་ཀྱི་སྤུན་མཆེད་དང་གྲོགས་པོར་བརྩི་བ་དང་། ཁོང་ཚོར་བྱ་བ་དངོས་དང་བྱ་བ་བཟང་པོ་སྒྲུབ་པ། ཡང་སྒོས་གསར་དུ་སླེབས་པའི་རྒྱ་རིགས་ཀྱི་སློབ་སྐྱོར་དགེ་རྒན་ལ་དུས་ཐོག་ཏུ་འཚོ་བའི་མཁོ་ཆས་བསྐྱལ་ནས་ཕྱོགས་ཡོངས་ནས་ལྟ་རྟོག་བྱེདཀྱི་ཡོད་པ་རེད། སློབ་གསེང་གི་དུས་སུ་སློབ་གྲྭའི་དགེ་རྒན་དཔུང་ཁག་གིས་ད་དུང་མི་རིགས་ཀྱི་ཞབས་བྲོ་འཁྲབ་སྟོན་དང་། མི་རིགས་རིག་གནས་ཀྱི་བཞུགས་མོལ་ཚོགས་འདུ། མི་རིགས་ཀྱི་བཟའ་འཐུང་མཉམ་སྤྱོད་བྱེད་སྒོ་བཅས་ཚུད་པའི་མི་རིགས་རིག་གནས་སྤེལ་རེས་ཀྱི་བྱེད་སྒོ་སྤེལ་ནས་མཐུན་སྒྲིལ་དང་། མཛའ་མཐུན། ཡར་ཐོན། འཕེལ་རྒྱས་བཅས་ཀྱི་རྣམ་པ་ཡག་པོ་ཆགས་པར་བྱས་པ་རེད།

    ལོ་མང་རིང་མི་རིགས་མཐུན་སྒྲིལ་གྱི་སློབ་གྲྭ་འཛུགས་སྐྲུན་བྱས་པ་བརྒྱུད། རྒྱ་ཤིང་ཤང་ལྟེ་བའི་སློབ་ཆུང་དུ་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མི་སྒེར་དང་ལས་རྗེས་མང་པོ་ཐོན་མྱོང་ཡོད། དྲོ་སྐྱིད་དང་མཐུན་སྦྱོར་ལྡན་པའི་ཁྱིམ་ཚང་ཆེ་མོའི་ནང་གང་སར་སློབ་མའི་དབར་གྱི་བརྩེ་སེམས་དང་། དགེ་སློབ་དབར་གྱི་བརྩེ་སེམས། མི་རིགས་དབར་གྱི་བརྩེ་སེམས་བཅས་ཀྱིས་ཕྱུག་པའི་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་སློབ་གྲྭ་ཡོངས་ལ་བཞད་བཞིན་ཡོད།

    སྨན་རི་ཤང་།

    མཐུན་སྒྲིལ་འབད་འཐབ་ཀྱི་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ཆེ་མོ།

    ལོ་མང་རིང་བྲག་ཡིབ་ཆུས་སྨན་རི་ཤང་གིས་མི་རིགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། མི་རིགས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་མི་རིགས་རིག་གནས་དར་རྒྱས་གོང་འཕེལ་ལ་མཐོང་ཆེན་བྱེད་པ། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ། མི་རིགས་ལས་དོན་གྱི་ལམ་སྲོལ་གསར་གཏོད་བཅས་བྱས་ཏེ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་དང་། རིག་གནས་དྲིལ་བསྒྲགས་ལ་ཤུགས་སྣོན། མི་རིགས་ཀྱི་དཔལ་འབྱོར་འཕེལ་རྒྱས། མི་རིགས་ཀྱི་སློབ་གསོར་མཐོང་ཆེན་བཅས་བྱས་པས། མི་རིཌ་ཀྱི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་ཕྱིན་ནས་མི་རིཌ་མཐུན་སྒྲིལ་དང་བརྟན་ལྷིང་ལ་སྐུལ་འདེད་ཐུབ་ཡོད་པ་རེད།

    སྨན་རི་ཤང་ཏང་ཨུད་དང་སྲིད་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་ཤུགས་སྣོན་རྒྱག་པའི་གལ་ཆེའི་རང་བཞིན་ཤེས་རྟོགས་གང་ལེགས་ཐུབ་ནས་ཤང་ཏང་ཨུད་ཀྱི་རྒྱ་ཆེའི་ཚོགས་འདུའི་ཐོག་ཞིབ་འཇུག་གཏན་འཁེལ་བྱས་པ་བརྒྱུད། ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པས་ཙུའུ་ཀྲང་བྱས་པའི་སྨན་རི་ཤང་གི་མི་རིགས་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་ལས་དོན་ཚོགས་ཆུང་གི་ཁོངས་མི་འདེམས་སྐབས་གཅིག་ནས་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ཁྲོད་དབང་གྲགས་ལྡན་པ་དང་འབོད་སྐུལ་ནུས་པ་ཐོན་པ་དང་། གཉིས་ནས་བསམ་པའི་བྱང་ཚད་མཐོ་ཙམ་ལྡན་པའི་རྩ་དོན་གཉིས་མཐའ་འཁྱོངས་བྱས་པར་བརྟེན། སྔ་ཕྱི་བར་གསུམ་དུ་ཤང་ཏང་ཨུད་དང་སྲིད་གཞུང་དང་གཅིག་གྱུར་ཐུབ་ཐོག་མི་རིགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ལ་བྱ་བ་དངོས་དང་བྱ་བ་བཟང་པོ་མང་ཙམ་བསྒྲུབས་ཡོད། ཤང་ཏང་ཨུད་དང་སྲིད་གཞུང་གིས་ད་དུང་དུས་བཀག་ལྟར་མི་རིགས་ལས་དོན་ཚོགས་འདུ་འཚོགས་ཏེ་མི་རིགས་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཡོད། བྱེད་ཐབས་དེ་དག་བརྒྱུད་མི་རིགས་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བ་དང་ཏང་གི་མི་རིགས་སྲིད་ཇུས་ཁག་མགྱོགས་མྱུར་དོན་འཁྱོལ་ཐུབ་ནས་ཤང་ཏང་ཨུད་དང་སྲིད་གཞུང་འདི་ཉིད་ཏང་གི་མི་རིགས་ལས་དོན་སྤེལ་བའི་མཁར་རྫོང་བརྟན་པོ་ཞིག་ཏུ་གྱུར་ཡོད།

    དུས་ཡུན་རིང་པོའི་ནང་བྲག་ཡིབ་ཆུས་མི་རིགས་ཆོས་ལུགས་ལས་དོན་ཅུས་ཀྱིས་མཐུན་སྦྱོར་ཧུར་ཐག་བྱས་པ་དང་། ད་དུང་སྨན་རི་ཤང་གིས་བྲག་ཡིབ་ཆུས་སུ་བཅའ་སྡོད་དཔུང་སྡེ་ཞིག་དང་། དེ་མོ་དགོན་པའི་དགོན་སྡེ་དོ་དམ་ཨུ་ལྷན། སྨན་རི་ཤང་ཆུ་གཉིས་གུང་དཀར་གྲོང་ཚོ་སོགས་ཚན་པ་མང་པོ་དང་མཉམ་འབྲེལ་ཐོག་ལོ་འཁོར་མོར“དམག་དམངས་མཉམ་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི”བྱེད་སྒོ་སྤེལ་བ་དང་། དཔུང་སྡེའི་དཔོན་དམག་དང་ལས་བྱེད་མང་ཚོགས་སྒྲིག་འཛུགས་བྱས་ཏེ་སྨན་རི་ཤང་ཆུ་གཉིས་གུང་དཀར་གྲོང་ཚོའི་བུ་བཅོལ་ཁང་དང་། གྲོང་ཚོའི་སྤྱི་ཁང་། དེ་མོ་དགོན་སོགས་སུ་གཙང་སྦྲ་ཆེན་པོ་བྱས་པ་མ་ཟད། མང་ཚོགས་དང་གྲྭ་བཙུན་ལ་འཚོ་བའི་མཁོ་ཆས་དང་དེ་བཞིན་རྒྱུན་མཁོའི་སྨན་རྫས་བསྐྱལ་བས། དམག་གིས་དམངས་ལ་གཅེས་པ་དང་། དམངས་ཀྱིས་དམག་ལ་བཀུར་བ། མི་རིགས་ཁག་དབར་ཁྱིམ་ཚང་གཅིག་ལྟར་བརྩེ་བ་བཅས་ཀྱི་སྲོལ་རྒྱུན་བཟང་པོ་ཞིག་སྔ་ས་ནས་ཆགས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།