དབུ་ཤོག>གསར་འགྱུར།
  • ལས་ཞུགས་བོད་སྐྱོར་གྱིས་འདི་ལོ་ལས་གནས་7000ལྷག་ཙམ་མཁོ་འདོན་བྱས་ཟིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2018-07-26

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་7ཚེས་24ཉིན་གློག་འཕྲིན་འབྱོར་གསལ། བོད་རང་སྐྱོང་ལྗོངས་ལས་ཞུགས་བོད་སྐྱོར་གཞུང་ལས་ཁང་གི་གྲངས་གཞི་ལས་མངོན་དོན། ལས་ཞུགས་བོད་སྐྱོར་རྣམ་གྲངས་ཀྱིས་འདི་ལོ་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མར་ལས་གནས་7083མཁོ་འདོན་བྱས་པས། ཁོ་ཚོའི་ལས་ཞུགས་གདམ་ག་བྱ་ཡུལ་དེ་བས་མང་དུ་ཕྱིན་ཡོད།

    ཉེ་ཆར། ལས་ཞུགས་བོད་སྐྱོར་གྱི་ཆེད་དོན་གདན་ཞུའི་འདུ་ཚོགས་གཅིག་མཇུག་གཉིས་མཐུད་ངང་ལྷ་སར་གཉེར་ཡོད། ཚེས་21ཉིན་བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་ཁྲོམ་རའི་ཚོམས་ཆེན་ནང་དུ་ལས་གནས་གདན་ཞུའི་འགྲེམས་པང་གྲལ་སྟར་འགྲིག་པོས་བཞག་ཡོད་པར་ལྟ་མཁན་སློབ་མ་མང་པོ་ཡོད་པ་མ་ཟད། རང་ཉིད་འོས་སྦྱོར་གྱི་ཡི་གེ་སྐྱེལ་མཁན་ཡང་མང་པོ་ཡོད། ཉིན་དེར་ཅི་ལིན་དང་། ཧྥུའུ་ཅན། ཧྲའན་ཤིས་བཅས་ཞིང་ཆེན་གསུམ་གྱིས་ལས་ཞུགས་བོད་སྐྱོར་གྱི་གདན་ཞུའི་འདུ་ཚོགས་འདི་གར་གཉེར་བ་དང་ཁྱོན་ལས་གནས་700ལྷག་ཙམ་མཁོ་འདོན་བྱས་འདུག

    ཅི་ལིན་ཞིང་ཆེན་མི་སྤྱི་ཐིང་ཤེས་ལྡན་མི་སྣ་སྤེལ་རེས་ལྟེ་གནས་ཀྱི་ཀྲུའུ་རེན་ཧུའུ་ཧའོ་ཡིས་གསར་འགོད་པར་ཅི་ལིན་ཞིང་ཆེན་གྱི་ཁེ་ལས་དང་བྱ་གཞག་ཚན་པ་20ད་རེས་ཀྱི་གདན་ཞུའི་འདུ་ཚོགས་ལ་ཞུགས་ནས། ལས་གནས་194མཁོ་འདོན་བྱས་པ་ཚང་མ་གདམ་སྒྲུག་ནན་པོ་བརྒྱབ་པ་ཤ་སྟག་རེད་ཅེས་བཤད། ཧུའུ་ཧའོ་ཡིས“ང་ཚོས་མཁོ་འདོན་བྱས་པའི་ལས་གནས་མང་ཆེ་བར་ཟླ་རེའི་གླ་ཕོགས་སྒོར་8000ཡན་ཟིན་པ་མ་ཟད། འགན་བཅོལ་ལྔ་དང་སྡོད་ཁང་གི་སྤྱི་གསོག་མ་དངུལ་ཡང་སྤྲོད་རྒྱུ་རེད”ཅེས་བཤད།

    ཧྲའན་ཤིས་ཨར་ལས་བཟོ་སྐྲུན་ཚོགས་པའི་མི་དོན་གཙོ་འགན་དོ་དམ་པ་ལི་ཝུན་ཅེས“ང་ཚོས་ལོ་གསུམ་བསྟུད་མར་བོད་ལ་གདན་ཞུའི་ལས་གནས་མཁོ་འདོན་བྱས་པ་དང་། ལས་བཟོའི་ཟ་སྡོད་དང་ཐོབ་ཆ་སོགས་ཀྱི་ཐད་ལའང་འགན་ལེན་གང་ཐུབ་བྱས་ཏེ། ལས་ཀ་བྱེད་པར་ཡོང་བའི་བོད་ཀྱི་སློབ་མ་ནང་སའི་འཚོ་བར་གོམས་རྒྱུར་རོགས་རམ་ཧུར་ཐག་བྱས་ཡོད”ཅེས་བཤད།

    གསར་འགོད་པར་ཤེས་རྟོགས་བྱུང་བར། ཐེམ་ཁུངས་བོད་ནས་ཡིན་པའི་སློབ་ཐོན་སློབ་མ་སྔར་ལས་མང་བ་ལྗོངས་ཕྱིར་ལས་ཞུགས་བྱེད་པར་བསྐྱོད་རྒྱུར་ལྕག་སྐུལ་བྱ་ཆེད། བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་ལོ་གསུམ་ཡན་གྱི་གན་རྒྱ་འཇོག་མཁན་སློབ་ཐོན་སློབ་མར་སྤྲོད་ཐེངས་གཅིག་ལ་ལམ་གྲོན་ཁ་གསབ་སྒོར་2000སྤྲད་པ་དང་། དུས་ཡུན་རིང་ཤོས་ལོ་5ཡི་འཚོ་བའི་ཁ་གསབ་དང་སྡོད་ཁང་ཁ་གསབ་སྤྲོད་པ་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་ལག་ལེན་བསྟར་རྒྱུ་ཡིན་པ་རེད།

    བོད་རང་སྐྱོང་ལྗོངས་ལས་ཞུགས་བོད་སྐྱོར་གཞུང་ལས་ཁང་གི་འགན་ཁུར་བ་ཁྲེན་ཀྲེ་ཐན་གྱིས“ལས་ཞུགས་བོད་སྐྱོར་གྱིས་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་ཐབས་ལམ་མང་པོར་བརྟེན་ནས་ཁྱབ་ཁོངས་མང་པོར་ལས་ཞུགས་ཐུབ་པ་བྱེད་ཀྱི་ཡོད། གོམ་སྟབས་རྗེས་མར་ང་ཚོས་མུ་མཐུད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་ཀྲུང་དབྱང་ཁེ་ལས་དང་མཐུན་སྦྱོར་སྤེལ་རེས་བྱས་ཏེ། བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་དང་འཚམ་པའི་ལས་གནས་སྔར་ལས་མང་བ་མཁོ་འདོན་དང་ལས་ཞུགས་བོད་སྐྱོར་གྱི་ཕུགས་ཕན་ལམ་སྲོལ་བཙུགས་ཏེ་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་སྔར་ལས་མང་བ་ལས་ཞུགས་ཐུབ་རྒྱུར་རོགས་རམ་བྱ་རྒྱུ་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།