ཤིན་ཧྭ་གསར་འགྱུར་ཁང་དུ་གློག་འཕྲིན་འབྱོར་གསལ། མཚོ་སྔོན་ཞིང་ཆེན་གནམ་གཤིས་སྡེ་ཚན་དང་མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནས་གནས་ཚུལ་སྤེལ་བ་གཞིར་བཟུང་། སྣང་བརྙན་གྱི་དཔྱད་གཞིའི་ཡིག་རིགས་གསར་ཤོས་ལས་མངོན་པར། མཚོ་སྔོན་པོའི་མཚོ་ཁ་རྒྱས་ནས་རྒྱ་ཁྱོན་ཆེ་རུ་ཕྱིན་པ་ལས་དེ་སྔའི་སྐམ་ས་དང་འབྲེལ་བའི་གླིང་ཕྲན་རྣམ་པའི་འདབ་ཆགས་གླིང་ཕྲན་དེ་གླིང་ཕྲན་གྱི་རྣམ་པར་སླར་གསོ་བྱུང་ནས་མཚོ་ངོས་ལས་མཐོ་བའི་གཞུང་ལམ་འབའ་ཞིག་དེ་འདབ་ཆགས་གླིང་ཕྲན་དང་སྦྲེལ་མཐུད་ཐུབ་ཡོད་པ་རེད། ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་དང་བསྡུར་ཚེ་འདབ་ཆགས་གླིང་ཕྲན་གྱི་ཆུ་ཁོངས་རྒྱ་ཁྱོན་དེ་ལོ་རབས་70པར་སྲུང་སྐྱོང་ཁུལ་ཐོག་མ་བཙུགས་པའི་དུས་ཀྱི་ཆུ་ཚད་གཞི་རྩའི་ཆ་ནས་སླར་གསོ་ཐུབ་ཡོད་པ་རེད།
མཚོ་སྔོན་པོར“ཀྲུང་གོའི་མཚོ་མཛེས་ཤོས”ཀྱི་མཚན་སྙན་ལྡན་ཡོད་ལ་རྒྱལ་སྤྱིའི་གཙོ་གནད་འདམ་ར་ཞིག་ཀྱང་རེད། ཆུ་བྱ་སྐྱེ་འཕེལ་གྱི་གནས་གཙོ་བོ་ཞིག་གི་ངོས་ནས་ལོ་ལྟར་ཆུ་བྱ་ཁྲི་6ཙམ་མཚོ་སྔོན་པོའི་འདབ་ཆགས་གླིང་ཕྲན་དུ་སྐྱེ་འཕེལ་བྱེད་པ་དང་ཆུ་བྱ་ཁྲི་10ཙམ་དེ་གར་འཚོ་སྡོད་བྱེད་ཀྱི་ཡོད། མཚོ་སྔོན་པོར་སྐྱེ་འཕེལ་བྱེད་པའི་ཆུ་སྐྱར་མགོ་སྨུག་དང་། ཁྲུང་ཁྲུང་མགོ་ཁྲ། ཆུ་བྱ་བཅས་ཀྱིས་གོ་ལ་ཧྲིལ་པོའི་སྐྱེ་འཕེལ་བསྡོམས་འབོར་གྱི་60%བཟུང་ཡོད།
སྲུང་སྐར་རྒྱང་ཚོར་ལྟ་ཞིབ་ཚད་ལེན་ལས་མངོན་པར། ཉེ་བའི་ལོ་ཤས་རིང་མཚོ་སྔོན་པོའི་རྒྱ་ཁྱོན་རྒྱུན་མཐུད་ཆེ་རུ་འགྲོ་ཚུལ་མངོན་ཡོད། 2018ལོའི་ཟླ་7ཚེས་4ཉིན་མཚོ་སྔོན་པོའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་4548.56ཟིན་པ་དེ་2017ལོའི་རྒྱ་ཁྱོན་ཆེ་ཤོས་ལས་སྤྱི་ལེ་ངོས་གྲུ་51.55ཆེ་རུ་ཕྱིན་ནས་2001ལོའི་རྒྱང་ཚོར་ལྟ་ཞིབ་ཚད་ལེན་ཚུན་གྱི་རྒྱ་ཁྱོན་ཆེ་ཤོས་ཡིན་པ་རེད།
མཚོ་སྔོན་ཞིང་ཆེན་གནམ་གཤིས་ཚན་རིག་ཞིབ་འཇུག་སུའོ་ཡི་མཐོ་རིམ་ལག་རྩལ་ཆེ་མོ་བ་ལིའུ་པའོ་ཁང་གིས་ངོ་སྤྲོད་བྱས་པར་གཞིགས་ན། 2005ལོ་ནས་བཟུང་མཚོ་སྔོན་པོའི་མཚོ་ཁ་དེ་སྔ་མུ་མཐུད་ཆག་པའི་རྣམ་པ་ད་ཆ་མཚོ་ཁ་རྒྱས་འགོ་ཚུགས་ཡོད། 2004ལོར་མཚོ་སྔོན་པོའི་ཆ་སྙོམས་མཚོ་ཁ་སྨི་3192.9ཟིན་པ་དང་། 2018ལོའི་ཟླ་7ཚེས་4ཉིན་མཚོ་ཁ་སྨི་3195.32ཟིན་ནས་འཕར་ཚད་སྨི་2.42ཟིན་ཡོད།
མཚོ་སྔོན་པོའི་མཚོ་ཁོངས་རྒྱ་ཁྱོན་ཆེ་རུ་དང་མཚོ་ཁ་མཐོ་རུ་ཕྱིན་པ་དང་བསྟུན་ནས་འདབ་ཆགས་གླིང་ཕྲན་ས་ཁོངས་ཀྱི་འདམ་རའི་སྣོད་བཅུད་ལའང་འགྱུར་ལྡོག་ཕྱིན་ནས་གླིང་ཕྲན་རིམ་བཞིན་སླར་གསོ་ཐུབ་པ་དང་། བྱེ་ས་དང་རྩི་ཤིང་མེད་པའི་ས་ཁྱོན་ཉུང་དུ་ཕྱིན་པ། ཆུ་གཏིང་ཐུང་བའི་འདམ་ར་དང་ན་ཐང་འདམ་རའི་རྒྱ་ཁྱོན་ཆེ་རུ་ཕྱིན་ནས་འཚོ་སྡོད་དང་སྐྱེ་འཕེལ་བྱེད་པའི་ཆུ་བྱ་ཡང་མང་དུ་ཕྱིན་ནས་དེ་སྔོན་གཙོ་བོ་ཁྲུང་ཁྲུང་མགོ་ཁྲ་དང་ཆུ་བྱ་དཀྱུས་མ་གཅིག་སྡུད་སྐྱེ་འཕེལ་བྱེད་པ་དང་། ད་ཆ་འདབ་ཆགས་གླིང་ཕྲན་གྱི་ས་ཁོངས་སུ་སྐྱེ་འཕེལ་བྱེད་མཁན་གྱི་ཆུ་བྱ་སྣ་ཁ་11བར་མང་དུ་ཕྱིན་པ་དང་། མང་དུ་ཕྱིན་པའི་ཆུ་བྱ་དེ་དག་གཙོ་བོ་ཆུ་གཏིང་ཐུང་བའི་འདམ་ར་དང་ན་ཐང་འདམ་རར་འཚོ་སྡོད་བྱེད་ཀྱི་ཡོད་པས་གྲངས་འབོར་མགོ་གྲངས་2000ལྷག་ཙམ་ཟིན་ཡོད།