དབུ་ཤོག>གསར་འགྱུར།
  • དུས་ཚོད་དང་ཚེ་སྲོག་གི་བང་རྩལ་འགྲན་བསྡུར་ཞིག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-07-24

    2018ལོའི་ཟླ་1ཚེས་10ཉིན། ཁྲུང་ཆིང་གི་ཁག་གསུམ་པའི་བོད་སྐྱོར་སྨན་བཅོས་རུ་ཁག་གི་ཕྲུ་གུ་དམར་འབྱར་ཚན་ཁག་གི་སྨན་པ་ལི་ཁྲུན་གྱིས་དུས་རྒྱུན་དང་འདྲ་བར་ནད་ཁང་དུ་ནད་པར་བརྟག་དཔྱད་བྱས་ཤིང་། ས་མཐོར་མ་འཕྲོད་པའི་རྐྱེན་གྱིས་ཁོང་གི་སྙིང་ཁམས་མི་བདེ་ཞིང་དབུགས་འཚང་བར་གྱུར།

    གློ་བུར་དུ། ཁ་པར་ཞིག་འབྱོར།

    “གསར་སྐྱེས་ཕྲུ་གུ་དེ་དབུགས་གཏོང་དཀར་བར་གྱུར་ནས་ཉེན་ཁར་ཐུག་པས་མྱུར་དུ་སྐྱོབ་རོགས”བུ་བཙའ་ཚན་ཁག་གི་གཤགས་བཅོས་ཁང་ནང་དུ་གནས་ཚུལ་ཛ་དྲག་པོ་ཡོད་པ་རེད།

    “མགྱོགས་པོར་འགྲོ་དགོས”ལི་ཁྲུན་གྱིས་བྱེད་བཞིན་པའི་ལས་ཀ་ཚང་མ་བསྐྱུར་ནས་གོམ་སྟབས་ཆེན་པོས་རྒྱུག་ཤར་གློད། རྒྱུ་མཚན་ནི་ཁོང་གིས་དབུགས་གཏོང་དཀའ་བར་གྱུར་པའི་ཕྲུ་གུ་དམར་འབྱར་ཤི་ཚད་མཐོ་བས་གལ་སྲིད་སྐར་ཆ་ཁ་ཤས་འགོར་ན་ཡང་ཚེ་སྲོག་ཤོར་བའི་ཉེན་ཁ་ཡོད་པ་ཤེས་པས་རེད།

    དེ་ལ་ཁ་གཏད་གཅོག་པའི་སྨན་བཅོས་བྱེད་སྟངས་སྣ་ཚོགས་ཤིག་ལི་ཁྲུན་གྱི་སེམས་སུ་འཁོར། ལམ་ཚད་ལ་སྨི་བརྒྱ་ཕྲག་ཁ་ཤས་ལས་མེད་ཀྱང་བུ་བཙའ་ཚན་ཁག་གི་གཤགས་བཅོས་ཁང་དུ་འབྱོར་སྐབས་ལི་ཁྲུན་ཐང་ཆད་ནས་དབུགས་ཧལ་བཞིན་འདུག ཡིན་ན་ཡང་གཤགས་བཅོས་ཁང་གི་སྒོ་མོ་ཕྱེ་མ་ཐག་ངོ་གདོང་སྐྱ་ཐལ་ལེར་གྱུར་པ་དང་། དབུགས་ཆད་ཅིང་སྙིང་གི་འཕར་ལྡིང་ཡང་མེད་པའི་ཕྲུ་གུ་དམར་འབྱར་ཞིག་མཐོང་།

    འདི་ནི་ལི་ཁྲུན་བོད་དུ་སླེབས་ཚུན་འཕྲད་པའི་དབུགས་གཏོང་དཀའ་བར་གྱུར་པའི་ནད་གཞི་ལྕི་ཤོས་དེ་ཡིན་པ་རེད།

    དུས་ཚོད་ནི་ཚེ་སྲོག་ཡིན་པས། ལི་ཁྲུན་གྱིས་འཕྲལ་དུ་བཀོད་འདོམས་བྱས་ནས་མྱུར་སྐྱོབ་བྱས་ཤིང་། ས་གནས་དེ་གའི་སྨན་པ་ཀྲང་ཨན་ཕུང་དང་དེ་བཞིན་བུ་བཙའ་ཚན་ཁག་གི་སྨན་པ་དབྱང་ཞུའེ་མེ་ཡི་གཞོགས་འདེགས་འོག ཕྲུ་གུ་དམར་འབྱར་དེའི་དབུགས་ལམ་མ་ལག་འཕྲལ་དུ་བཤངས་ནས་སྨན་བཅོས་ཡག་པོ་བྱས་པ་དང་། ལི་ཁྲུན་གྱི་ངོ་གདོང་རྔུལ་ཆུས་ཡོངས་སུ་བརླན་ཡོད་པ་རེད།

    ཆུ་ཚོད་ཕྱེད་ཀའི་རྗེས་སུ། ཕྲུ་གུ་དམར་འབྱར་དེ་སྲོག་ཉེན་ལས་ཐར་མོད། ཡིན་ན་ཡང་སྔར་བཞིན་དྲན་པ་ཐོར་བ་དང་། བརྟག་དཔྱད་བྱས་པ་བརྒྱུད་དབུགས་གཏོང་དཀའ་བར་གྱུར་པའི་ནད་གཞི་ལས་གཞན་ད་དུང་གློ་ཚད་སོགས་ཀྱི་ནད་གཞི་ཡང་ཡོད་པས། དབུགས་འབྱིན་རྔུབ་ཡོ་བྱད་སྤྱད་དེ་སྲོག་གི་རྒྱུན་མཐུད་དགོས་པར་ཐུག་ཡོད་པ་རེད།

    སྐབས་དེར་ཕྲུ་གུའི་ཕ་མ་གཉིས་ཀ་སེམས་འཚབ་ནས། “ཕྲུ་གུ་འདི་འཚོ་བའི་རེ་བ་མི་འདུག”ཅེས་བློ་ཕམ་ཆེན་པོས་སྨན་བཅོས་བྱེད་མཚམས་འཇོག་རྒྱུའི་བསམ་བློ་ཡང་འཁོར་བ་རེད།

    “སྨན་པ་ཞིག་ཡིན་པའི་ཆ་ནས། རེ་བ་ཉག་གཅིག་ལས་མེད་ཀྱང་བློ་གཏན་ནས་མི་ཕམ་པར་སྨན་བཅོས་ཡག་པོ་བྱེད་དགོས་པས”ལི་ཁྲུན་གྱིས་རང་ཉིད་དང་ཕྲུ་གུའི་ཕ་མ་གཉིས་ལ“ང་ལ་ད་དུང་དུས་ཚོད་ཅུང་ཙམ་སྤྲད་དང་། མིག་སྔར་ཕྲུ་གུའི་སྙིང་གི་འཕར་ལྡིང་དང་དབུགས་འབྱིན་རྔུབ་སོགས་སླར་གསོ་བྱུང་བས། རེ་བ་ཅུང་ཙམ་འདུག ང་ཚོས་ནུས་ཤུགས་ཡོད་རྒུ་འདོན་ངེས་ཡིན”ཞེས་ཐེངས་མང་བཤད་རྗེས་ཕྲུ་གུའི་ཕ་མ་གཉིས་ཀྱང་མོས་མཐུན་བྱུང་བ་རེད།

    དེ་ནས་ཕྲུ་གུར་ཀླད་པའི་རྒྱོང་ཤུགས་གཅོག་པ་སོགས་སྨན་བཅོས་རབ་དང་རིམ་པ་བྱས་ཤིང་། ལི་ཁྲུན་དང་ས་གནས་དེ་གའི་བྱིས་ནད་ཚན་ཁག་གི་སྨན་པ་ཚོའི་འབད་བརྩོན་ལྷོད་མེད་འོག་རིམ་བཞིན་དྲག་སྐྱེད་བྱུང་བ་རེད།

    ཐེངས་འདིའི་མྱུར་སྐྱོབ་བརྒྱུད། ལི་ཁྲུན་གྱིས་ཁྲུང་ཆིང་གསོ་རིག་ཚན་རིག་སློབ་ཆེན་གྱི་ཞོར་གཏོགས་བྱིས་པའི་སྨན་ཁང་གི་ཕྲུ་གུ་དམར་འབྱར་བརྟག་བཅོས་སྐོར་གྱི་སྔོན་ཐོན་ལག་རྩལ་དང་ཉམས་མྱོང་ཡག་པོ་བུམ་པ་གང་བྱོའི་ཚུལ་དུ་ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་བྱིས་པའི་ཚན་ཁག་གི་སྨན་པ་ཚོར་བསླབས་པ་དང་། དེ་དང་ཆབས་ཅིག་ཁོང་གིས་ཀྱང“ནམ་ཡང་གནས་ཐུབ་པའི་བོད་སྐྱོར་སྨན་བཅོས་རུ་ཁག་ཅིག་འཇོག་དགོས་པ”ཡིད་ལ་དྲན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།