དབུ་ཤོག>གསར་འགྱུར།
  • ཨན་ཧུའེ་ཞིང་ཆེན་ཏང་སྲིད་འཐུས་མི་ཚོགས་པས་བོད་དུ་ཁ་གཏད་བོད་སྐྱོར་ལས་དོན་ལ་རྟོག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-07-21

     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་ལག་བསྟར་གཏིང་ཟབ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དོན་འཁྱོལ་བྱ་ཆེད། ཟླ་7ཚེས་16ཉིན་ནས་ཚེས་18ཉིན་བར་ཨན་ཧུའེ་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེང་ཀྲང་ལི་གོ་དབྱིང་དང་། ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཤིན་ཁྲང་ཤིང་གིས་ཨན་ཧུའེ་ཞིང་ཆེན་ཏང་སྲིད་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་ལྷ་ས་དང་ལྷོ་ཁ་གྲོང་ཁྱེར་དུ་ཕེབས་ནས་བོད་སྐྱོར་ལས་བྱེད་པའི་ཤེས་ལྡན་མི་སྣར་འཚམས་འདྲི་གནང་བ་དང་སྦྲེལ་མཐུད་ཁ་གཏད་རོགས་སྐྲུན་ལས་དོན་ལ་རྟོག་ཞིབ་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་བཅས་བཞུགས་མོལ་ཚོགས་འདུར་ཞུགས་པའམ་ཡང་ན་རྟོག་ཞིབ་གནང་སྐབས་ལྷན་དུ་ཕེབས་པ་རེད།

    ད་ཕན་ལོ་ཤས་རིང་། ཨན་ཧུའེ་ཞིང་ཆེན་གྱིས་སྨན་བཅོས་དང་སློབ་གསོ་སོགས་ཁྱབ་ཁོངས་ཀྱི་ཕུལ་བྱུང་ཤེས་ལྡན་མི་སྣ་འདེམས་གཏོང་བྱས་ནས“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་སྤེལ་ཏེ་ཁ་གཏད་རོགས་སྐྱོར་བྱ་ཡུལ་ལྷོ་ཁ་གྲོང་ཁྱེར་དུ་སྨན་ཁང་དང་སློབ་གྲྭ་བསྐྲུན་ཡོད། བོད་དུ་བཞུགས་རིང་ཨན་ཧུའེ་ཞིང་ཆེན་ཏང་སྲིད་འཐུས་མི་ཚོགས་པས་སྔ་རྗེས་སུ་ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་དང་ལྷོ་ཁ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པར་ཕེབས་ནས་ཁ་གཏད་རོགས་སྐྲུན་གྱི་གྲུབ་འབྲས་ཤེས་རྟོགས་ཞིབ་ཕྲ་གནང་བ་དང་། བོད་སྐྱོར་རིགས་གཅིག་མཁས་ཅན་ཚོས་རྒྱུད་རོགས་ཁྲིད་གསུམ་གྱི་ནུས་པ་འདོན་སྤེལ་བྱས་ནས་ས་གནས་ལ་ཆེད་ལས་ཤེས་ལྡན་མི་སྣའི་དཔུང་ཁག་གསོ་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ས་གནས་ཀྱི་སྨན་བཅོས་དང་སློབ་གསོ་སོགས་སྤྱི་པའི་ཞབས་ཞུའི་ཆུ་ཚད་མུ་མཐུད་མཐོ་རུ་གཏོང་རྒྱུའི་རེ་བ་བཏོན་གནང་བ་རེད། འཐུས་མི་ཚོགས་པ་ད་དུང་ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ཡན་ཡོད་པའི་སྣ་དཀར་རྩེ་རྫོང་དུ་ཕེབས་ནས་སྟག་ལུང་གྲོང་རྡལ་གྱི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་དང་།

    རྫོང་དེའི་འགན་ལེན་ལྔའི་གཅིག་སྡུད་བསྙེན་བཀུར་ལྟེ་གནས། རྫོང་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་སོགས་ཀྱི་རྣམ་གྲངས་ལ་རྟོག་ཞིབ་གནང་བ་དང་། བོད་རིགས་མང་ཚོགས་ཀྱི་ཁྱིམ་དུ་ཕེབས་ནས་ཁོང་ཚོའི་འཚོ་བའི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་བ་མ་ཟད། མང་ཚོགས་ཚོས་བོད་སྐྱོར་ལས་དོན་ལ་བཏོན་པའི་བསམ་འཆར་ཡང་གསན་པ་རེད། ལི་གོ་དབྱིང་གིས་བསམ་ཕྱོགས་གསར་གཏོད་དང་འཚོལ་ཞིབ་ཧུར་ཐག་བྱས་ནས་རོགས་སྐྲུན་རྣམ་གྲངས་དང་ས་གནས་དེ་གའི་མང་ཚོགས་ཀྱི་ཁེ་ཕན་འབྲེལ་མཐུད་ལམ་སྲོལ་ལ་ཤུགས་སྣོན་བརྒྱབ་ནས་མང་ཚོགས་རྣམས་དབུལ་སྒྲོལ་བརྟན་པོ་དང་འབབ་འཕར་རྒྱུན་མཐུད་ཡོང་བའི་ལམ་དུ་སྐྱོད་ཐུབ་པ་བྱེད་དགོས་ཞེས་གསུངས།

    ཚེས་16ཉིན་གྱི་སྔ་དྲོར། ཨན་ཧུའེ་དང་བོད་ལྗོངས་གཉིས་ཀྱིས་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། ལི་གོ་དབྱིང་གིས་ཚོགས་འདུའི་ཐོག་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཁ་གཏད་བོད་སྐྱོར་ལས་དོན་ཡག་པོ་སྒྲུབ་དགོས་ན། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་དམངས་འཚོ་ལེགས་བཅོས་དང་དམངས་སེམས་གཅིག་ཏུ་སྒྲིལ་རྒྱུ་བོད་སྐྱོར་ལས་དོན་གྱི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་པའི་ཚད་གཞི་གཙོ་བོར་བརྩི་དགོས། རོགས་སྐྲུན་བྱེད་ཐབས་གསར་གཏོད་བྱས་ཏེ་བོད་སྐྱོར་ལས་དོན་གྱི་རྣམ་གྲངས་ཅན་གྱི་ལས་དོན་ལ་སྐུལ་འདེད་གཏོང་བ་དང་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་གྱི་ནང་དོན་རྒྱ་ཆེར་བཏང་ནས་རོགས་སྐྲུན་ལས་དོན་དེ་གཞན་རྟེན་ནས་རང་རྟེན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས། ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་མདུན་ཕྱོགས་སུ་དམ་འཛིན་བྱ་གཞི་ཡོད་པ་དང་། རྒྱབ་ཕྱོགས་སུ་འདེགས་སྐྱོར་བྱེད་མཁན་ཡོད་པ། རྒྱབ་མདུན་སྤྱི་འདོམས་མཉམ་སྒུལ་བྱས་ནས་རོགས་སྐྲུན་ལས་དོན་ལ་གྲུབ་འབྲས་ཏན་ཏིག་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས།

    ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཚབ་ཞུས་ནས་ཨན་ཧུའེ་ཞིང་ཆེན་གྱིས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་དུས་ཡུན་རིང་པོའི་ནང་ཨན་ཧུའེ་ཞིང་ཆེན་གྱིས་ཐོག་མཐའ་བར་གསུམ་དུ་ཁ་གཏད་བོད་སྐྱོར་ལས་དོན་ཡག་པོ་སྒྲུབ་པ་ཆབ་སྲིད་ཀྱི་ལས་འགན་དང་གཟི་བརྗིད་འོས་འགན་གལ་ཆེན་དུ་བརྩིས་ནས་ཁ་གཏད་བོད་སྐྱོར་བྱེད་ཤུགས་ཆེ་བ་དང་། ཁྱབ་རྒྱ་ཆེ་བ། ཕན་འབྲས་ལེགས་པ་བཅས་ཀྱི་རྣམ་པ་བཟང་པོ་ཐོན་པ་དང་འབྲེལ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་ལྷོ་ཁ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་རྒྱས་འགྲོ་བར་སྐུལ་འདེད་ནུས་ལྡན་བཏང་ཡོད། གོམ་སྟབས་རྗེས་མར། ང་ཚོས“འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང“གདེང་ཚོད་བཞི”བརྟན་དུ་བཏང་ནས་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རྒྱབ་སྐྱོར་དང་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་རོགས་སྐྱོར་ཐོབ་པའི་ལས་དོན་སྔར་བས་ཡག་པོ་བསྒྲུབས་ནས་ཨན་ཧུའེ་ཡི་རོགས་སྐྱོར་མ་དངུལ་ཡག་པོ་སྤྱོད་པ་དང་། རྣམ་གྲངས་དོན་འཁྱོལ་ཡག་པོ་བྱེད་པ། བོད་སྐྱོར་ལས་བྱེད་པར་དེ་བས་ཐུགས་ཁུར་བྱེད་པ་དང་བེད་སྤྱོད་ཡག་པོ་གཏོང་རྒྱུ་ཡིན། ཨན་ཧུའེ་ཞིང་ཆེན་གྱིས་ཐོག་མཐའ་བར་གསུམ་དུ་བོད་སྐྱོར་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་དང་ཨན་ཧུའེ་ཡི་ལེགས་ཆ་འདོན་སྤེལ་དང་ལྷོ་ཁའི་དགོས་མཁོ་ཟུང་འབྲེལ་བྱས་ཏེ་ཁ་གཏད་རོགས་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་ལྷོ་ཁ་གྲོང་ཁྱེར་གྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་མཁོ་འདོན་གནང་རྒྱུའི་རེ་བ་ཡོད་ཅེས་གསུངས།

    ཚེས་18ཉིན་ལྷོ་ཁ་གྲོང་ཁྱེར་དང་བོད་སྐྱོར་ལས་བྱེད་པའི་ཤེས་ལྡན་མི་སྣ་བཞུགས་མོལ་གནང་སྐབས་འཐུས་མི་ལི་གོ་དབྱིང་གིས་ཨན་ཧུའེ་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ཚབ་ཞུས་ནས་བོད་སྐྱོར་ལས་བྱེད་པའི་ཤེས་ལྡན་མི་སྣར་འཚམས་འདྲི་ཞུས་པ་དང་འབྲེལ་གུས་འདུད་ཀྱང་ཞུས་གནང་བ་རེད། ཁོང་གིས་བོད་སྐྱོར་ལས་བྱེད་པའི་ཤེས་ལྡན་མི་སྣ་ཚོས་སྡུག་བསྲན་ཁྱད་པར་ཐེག་པ་དང་། དམག་འཐབ་ཁྱད་པར་འཇོན་པ། བཟོད་བསྲན་ཁྱད་པར་ཐུབ་པ། མཐུན་སྒྲིལ་ཁྱད་པར་ཐུབ་པ། ལེགས་སྐྱེས་ཁྱད་པར་འབུལ་བ་བཅས་ཀྱི“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དར་སྤེལ་ཤུགས་ཆེན་བཏང་ནས་དཀའ་སྤྱད་འབད་བརྩོན་དང་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བར་བརྟེན་ཏང་གི་བཀའ་དྲིན་རྒྱ་ཆེའི་བོད་རིགས་སྤུན་ཟླ་ཚོའི་སེམས་ལ་ཟུག་པ་མ་ཟད། ཁ་གཏད་བོད་སྐྱོར་ལས་དོན་ཡག་པོ་སྒྲུབ་ཆེད་ལེགས་སྐྱེས་མངོན་གསལ་ཕུལ་ཡོད་ལ། ལྷོ་ཁའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་ཨན་ཧུའེ་མི་དམངས་ལ་གཟི་བརྗིད་བརྩོན་ལེན་བྱས་ཡོད། སླད་ཕྱིན་གྱི་ལས་དོན་ཁྲོད་ཧྲུའུ་ཅི་ལི་ཅིན་པིན་གྱིས་བཏོན་གནང་བའི“བློ་ལ་ངེས་དགོས་པ་གསུམ་དང་བརྩོན་ལེན་གསུམ”གྱི་བླང་བྱ་གཞིར་བཟུང་། དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་སྔར་བས་དམིགས་ཏེ་ལས་ཞུགས་དབུལ་སྐྱོར་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་སློབ་གསོའི་དབུལ་སྐྱོར་ལས་དོན་ཞིབ་ཕྲ་བསྒྲུབས་ནས་བདེ་ཐང་དབུལ་སྐྱོར་ལ་མུ་མཐུད་ཤུགས་སྣོན་རྒྱག་དགོས། ཐོན་ལས་བོད་སྐྱོར་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་ཁྱད་ལྡན་ཐོན་ལས་ལ་དམིགས་ནས་ཐོན་ལས་མཉམ་ལས་ཟབ་ཏུ་གཏོང་བ་དང་ཐོན་ཁུངས་ལེགས་ཆ་དཔལ་འབྱོར་ལེགས་ཆར་འགྱུར་རྒྱུར་སྐུལ་འདེད་བཏང་ནས་རྒྱུན་ཆད་མེད་པར་མི་རིགས་ས་ཁུལ་གྱི་རང་ངོས་འཕེལ་རྒྱས་གཏོང་བའི་འཇོན་ཐང་ལ་ཤུགས་སྣོན་རྒྱག་དགོས། སྤེལ་རེས་དང་། འགྲོ་འོང་། འབྲེལ་འདྲིས་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་ཤེས་ལྡན་མི་སྣའི་ལས་བྱེད་པ་ཕན་ཚུན་སྤེལ་རེས་བྱེད་ཚད་ཟབ་ཏུ་གཏོང་བ་དང་ས་གནས་གཉིས་ཀྱི་མི་རིགས་ཁག་གི་སྤེལ་རེས་འགྲོ་འོང་ལ་སྐུལ་འདེད་བཏང་སྟེ་ཁ་གཏད་རོགས་སྐྱོར་ལས་དོན་དེ་མི་རིགས་མཐུན་སྒྲིལ་གྱི་འདུ་འགོད་ཅིག་ཏུ་གཉེར་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། སྲིད་ཇུས་དང་མ་དངུལ་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་རྩ་འཛུགས་དང་། མི་སྣ། འགན་འཁྲི་བཅས་དམིགས་སར་འཁྱོལ་གྱི་འགན་ལེན་གྱིས་ཁ་གཏད་རོགས་སྐྱོར་ལས་དོན་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཙེང་དབན་མིང་དང་། ཅང་ཅེ། ལིའུ་ཅང་། ཞུས་ཁྲེང་ཚང་། ང་ཕོད་འཇིགས་ཡོན་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།