དབུ་ཤོག>གསར་འགྱུར།
  • ཧྲང་ཧའེ་གྲོང་ཁྱེར་གྱི་འཐུས་མི་ཚོགས་པས་བོད་དུ་ཁ་གཏད་རོགས་སྐྱོར་ལས་དོན་ལ་རྟོག་ཞིབ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-07-16

    ཟླ་7ཚེས་8ནས་ཚེས་12ཉིན་བར་ཧྲང་ཧའེ་གྲོང་ཁྱེར་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཀྲུའུ་ཞི་ཏུང་ཡུན་ཧུའུ་ཡིས་ཧྲང་ཧའེ་གྲོང་ཁྱེར་གྱི་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་ལྷ་ས་དང་གཞིས་རྩེ་གྲོང་ཁྱེར་དུ་ཁ་གཏད་རོགས་སྐྱོར་ལས་དོན་ལ་རྟོག་ཞིབ་གནང་ནས་ཧྲང་ཧའེ་དང་བོད་ཀྱི་སྤེལ་རེས་མཉམ་འདྲེས་ལས་དོན་ལ་སྐུལ་འདེད་བཏང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་བཅས་ཀྱིས་འཐུས་མི་ཚོགས་པ་དང་མཇལ་འཛོམས་གནང་བ་མ་ཟད་བཞུགས་མོལ་ཡང་གནང་བ་རེད།

    རྟོག་ཞིབ་བྱེད་རིང་ཧྲང་ཧའེ་གྲོང་ཁྱེར་གྱི་འཐུས་མི་ཚོགས་པས་གཞིས་རྩེའི་ས་གནས་ཁག་ཏུ་བསྐྱོད་དེ་རྒྱལ་རྩེ་རྫོང་གི་རོང་ས་དམར་པོའི་ཞིང་ལས་དཔེ་སྟོན་ཁུལ་དང་། གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་། གཞིས་རྩེ་གྲོང་ཁྱེར་ཧྲང་ཧའེ་ཚོད་ལྟའི་སློབ་གྲྭ། ས་སྐྱ་གནའ་གྲོང་རོགས་སྐྲུན་རྣམ་གྲངས། ལྷ་རྩེ་རྫོང་གཞིས་ཆེན་ཤང་བོད་བྱ་གསོ་ཚགས་རྣམ་གྲངས་སོགས་ལ་སྔ་རྗེས་སུ་རྟོག་ཞིབ་བྱས་པ་མ་ཟད། ད་དུང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་འཚམས་འདྲི་ཡང་བྱས་པ་རེད།

    ཧྲང་ཧའེ་ཡི་ཁ་གཏད་བོད་སྐྱོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུའི་ཐོག་ཏུང་ཡུན་ཧུའུ་ཡིས་ཧྲང་ཧའེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་སྔར་ནས་ད་བར་བོད་སྐྱོར་ལས་དོན་ལ་མཐོང་ཆེན་པོ་བྱེད་པ་དང་། ཁ་གཏད་བོད་སྐྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་ལོ་རྒྱུས་ཀྱི་འགན་འཁྲི་གལ་ཆེན་དང་ཆབ་སྲིད་ཀྱི་འགན་འཁྲི་འགངས་ཆེན་ཞིག་ཏུ་ཐོག་མཐའ་བར་གསུམ་དུ་བརྩི་བ། ཀྲུང་དབྱང་གི་བླང་བྱ་དང་། བོད་ཀྱི་དགོས་མཁོ། ཧྲང་ཧའེ་ཡི་འཇོན་ནུས་བཅས་གཞིར་བཟུང་སྟེ་རིམ་པ་མང་པོ་དང་ཁྱབ་ཁོངས་ཆེན་པོའི་སྒོ་ནས་གཞིས་རྩེ་གྲོང་ཁྱེར་ལ་རོགས་སྐྱོར་བྱས་པར་གྲུབ་འབྲས་གལ་ཆེན་ཐོབ་ཡོད། དུས་བབ་གསར་པའི་འོག་ཧྲང་ཧའེ་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་དང་དུས་རབས་གསར་པའི་ཏང་ཀྲུང་དབྱང་གི་བོད་སྐྱོང་མཛད་ཇུས་རྩ་བའི་གཞི་འཛིན་སར་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་ཏུ་བསྒྲིལ་རྒྱུ་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་བ། ལེགས་ཆ་སྔར་བས་འདོན་སྤེལ་བྱེད་པ། ནང་དོན་དང་རྣམ་པ་གསར་གཏོད་བྱེད་པ། ཧྲང་ཧའེ་ཡི་ཁྱད་ཆོས་ལྡན་པ་དང་བོད་ཀྱི་ཁྱད་ཆོས་དང་མཐུན་པའི་བོད་སྐྱོར་ལས་དོན་གྱི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་པ་བཅས་ཀྱི་ཐོག་ནས་ཧྲང་ཧའེ་ཡི་ཁ་གཏད་བོད་སྐྱོར་ལས་དོན་ལ་གྲུབ་འབྲས་གསར་པ་དེ་བས་ཆེ་བ་ཐོབ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། གནད་སྨིན་དམིགས་ས་འབུར་དུ་ཐོན་པར་བྱས་ཏེ་གཞིས་རྩེར་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་ཐོབ་རྒྱུར་ནུས་ཤུགས་ཡོད་རྒུས་རམ་འདེགས་བྱ་རྒྱུ་དེ་མིག་སྔའི་བོད་སྐྱོར་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩི་བ་དང་། སྨན་བཅོས་དང་སློབ་གསོའི་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་ལ་མུ་མཐུད་སྐུལ་འདེད་གཏིང་ཟབ་གཏོང་བ། ཁྲོམ་རའི་བྱེད་པོ་སྐྱེད་སྲིང་ཧུར་ཐག་བྱེད་པ། ཁ་གཏད་ས་ཁུལ་གྱི་རང་ངོས་འཕེལ་རྒྱས་དང་རྒྱུན་སྲིང་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་བ། ཞིང་འབྲོག་མང་ཚོགས་ཀྱི་ཐོབ་ཚོར་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། མི་རིགས་མཐུན་སྒྲིལ་དང་མཉམ་ལས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་བཅས་བྱས་ནས་བོད་ཞི་བདེ་བརྟན་ལྷིང་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་ཡིན། དོ་དམ་ནན་པོ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་བོད་སྐྱོར་མ་དངུལ་བེད་སྤྱོད་ཡག་པོ་དང་། བོད་སྐྱོར་རྣམ་གྲངས་འཛུགས་སྐྲུན་ཡག་པོ། བོད་སྐྱོར་ལས་དོན་དོན་འཁྱོལ་ཡག་པོ་བཅས་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

    བཞུགས་མོལ་ཚོགས་འདུའི་ཐོག་ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་ཏེ་ཧྲང་ཧའེ་གྲོང་ཁྱེར་གྱིས་སྔར་ནས་ད་བར་བོད་ཀྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་དུས་ཡུན་རིང་པོའི་ནང་ཧྲང་ཧའེ་གྲོང་ཁྱེར་གྱིས་ཏང་དང་རྒྱལ་ཁབ་ལས་དོན་གྱི་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ལངས་ཏེ། ཁ་གཏད་བོད་སྐྱོར་གྱི་འཐབ་ཇུས་ལག་བསྟར་བྱ་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་པ་དང་། ཤེས་ལྡན་པ་དང་། རྣམ་གྲངས། མ་དངུལ། ལག་རྩལ་བཅས་ཀྱི་བོད་སྐྱོར་ལས་དོན་ཤུགས་ཆེན་སྤེལ་ནས་གཞིས་རྩེ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་ཐོན་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། གོམ་སྟབས་རྗེས་མར་ང་ཚོས“འདུ་ཤེས་བཞི”བརྟན་པོར་འཛུགས་པ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། ཀྲུང་དབྱང་གི་ཐུགས་ཁུར་དང་། རྒྱལ་ཡོངས་ཀྱི་རྒྱབ་སྐྱོར། རང་སྟོབས་རང་སྤེལ། དཀའ་སྤྱད་འབད་འཐབ་བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། གཞིས་རྩེ་གྲོང་ཁྱེར་གྱི་རོགས་སྐྱོར་དང་ལེན་ལས་དོན་སྔར་བས་ཡག་པོ་སྒྲུབ་པ་བཅས་བྱས་ནས་ཧྲང་ཧའེ་ཡི་ཁ་གཏད་བོད་སྐྱོར་ལས་དོན་ཡག་པོ་བསྒྲུབ་ཕྱིར་ཆ་རྐྱེན་བཟང་པོ་ཞིག་བསྐྲུན་རྒྱུ་ཡིན། ཧྲང་ཧའེ་གྲོང་ཁྱེར་གྱིས་དབུལ་སྒྲོལ་འགག་སྒྲོལ་དང་། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན། དཔལ་འབྱོར་གསར་སྤེལ་ཁུལ་འཛུགས་སྐྲུན། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སོགས་ཐད་ཁ་གཏད་རོགས་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་གཞིས་རྩེ་གྲོང་ཁྱེར་གྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱ་རྒྱུའི་ཟོལ་མེད་རེ་བ་འཆང་བཞིན་ཡོད་ཅེས་གསུངས་པ་རེད།

    ཏུང་ཡུན་ཧུའུ་ཡིས་ད་དུང་ཧྲང་ཧའེ་ཡི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པར་གཟིགས་པ་དང་སྦྲགས་འཚམས་འདྲི་ཡང་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།