དབུ་ཤོག>གསར་འགྱུར།
  • སྐྱིད་གྲོང་རྫོང་རྟ་དམག་གྲོང་ཚོའི་མི་རིགས་མཐུན་སྒྲིལ་གྱི་དཔེ་མཚོན་ཁྱིམ་ཚང་མཚམས་གཅོད་ཀྱི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  གསར་འགོད་པ། བཀྲ་ཤིས་ཚེ་དབང་། བསྟན་འཛིན་ཕུན་ཚོགས། ཁྲ་དོད། ལྕང་བུ་ཆུང་།   |     སྤེལ་དུས།  2018-07-13

    530571_yis_1531204174858_s.jpg

    མི་རིགས་མཐུན་སྒྲིལ་གྱི་དཔེ་མཚོན་ཁྱིམ་ཚང་གི་སྦྱིན་བདག་མཚམས་གཅོད་དང་ཁོང་གི་བཟའ་ཟླ་ཝང་མའོ་ཆིང་།

    ཞིང་ས་གཤིན་པོས་སྔོ་ལྗང་ན་བཟའ་བཀླུབས་ཤིང་། བྱ་བྱིའུ་སྣ་ཚོགས་ཀྱི་སྐད་སྙན་ལྷང་ལྷང་དུ་གྲགས་པའི་སྐྱིད་གྲོང་ཡུལ་ལུང་རབ་ཏུ་བརྒྱན་པའི་ནམ་དུས་འདིར། སྐྱིད་གྲོང་གཙང་པོ་ནི་ཚང་ལས་ཐོན་པའི་ལྕགས་སྦྲུལ་ཆེན་པོ་ཞིག་ལྟར་སྐྱིད་གྲོང་རོང་ཤུར་བརྒྱུད་དལ་བུར་རྒྱུག རྩེ་མོ་གནམ་ལ་ཟུག་པ་ལྟ་བུའི་གངས་རིའི་འདབས་སུ་སྐྱེ་འགྲོ་ཀུན་ཚ་ཚ་འུར་འུར་ངང་ཁྱིམ་གཞིས་འཛུགས་སྐྲུན་གྱི་ལས་ལ་གཞོལ་བཞིན་མཆིས། ཁོར་ར་ཁོར་ཡུག་ཡོད་དོ་ཅོག་སྣུམ་ཞག་དོད་ལ་གནམ་གཤིས་ཚ་གྲང་སྙོམས། ང་ཚོས་སྣུམ་ནག་གཞུང་ལམ་བརྒྱུད་ཀྲུང་ནེའི་མཐའ་མཚམས་ནས་རྒྱང་ཐག་སྤྱི་ལེ་30ཙམ་ལས་མེད་པའི་ཀྲུང་གོའི་རྟ་དམག་བ་གནས་ཁུལ་འབའ་ཞིག་ཡིན་པའི་སྐྱིད་གྲོང་གྲོང་རྡལ་རྟ་དམག་གྲོང་ཚོར་ཆས།

    རྟ་དམག་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མིས་ངོ་སྤྲོད་བྱས་དོན། རྟ་དམག་ཅེས་པ་ནི་ཤོད་རྒྱུན་དུ། 1791ལོར་བོད་ལ་བཙན་འཛུལ་བྱེད་མཁན་གོར་ཥའི་དམག་དཔུང་ཆིང་སྲིད་གཞུང་གིས་ཕ་མཐར་སྤྲད་རྗེས་ཀྱི་དུས་ཡུན་རིང་པོའི་ནང་མཐའ་མཚམས་སུ་ལུས་པའི་གོར་ཥའི་དམག་མི་དང་ཀྲུང་ནེའི་མཐའ་མཚམས་སུ་འཚོ་སྡོད་བྱེད་མཁན་མང་ཚོགས་མཉམ་དུ་འཚོ་བ་བསྐྱལ་རྗེས་བྱུང་བའི་ཁོང་ཚོའི་རྗེས་རབས་པར་བརྗོད་ཀྱི་ཡོད།

    530573_yis_1531204176465_s.jpg

    གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་རྟ་དམག་གྲོང་ཚོའི་རྣམ་པ་གསར་པ།

    དཀའ་སྡུག་ལོ་ཟླ་དྲན་དུས། སེམས་པ་སྡུག་གིས་མནར་བྱུང་།

    བོད་ལ་དམངས་གཙོའི་བཅོས་བསྒྱུར་མ་བྱས་གོང་། རྟ་དམག་གྲོང་ཚོ་ཀྲུང་གོ་དང་ནེ་པ་ལ་གང་གི་ཁོངས་སུའང་མི་གཏོགས་པས་ཁོང་ཚོར་ས་ཞིང་དང་ཕྱུགས་རིགས་སོགས་ཐོན་སྐྱེད་རྒྱུ་ཆ་གང་ཡང་མེད་པར་རི་གསེབ་དང་བྲག་ཕུག་སོགས་སུ་བསྡད་དེ་ཆགས་ས་རྟེན་ས་གང་ཡང་མེད་པའི་ཡུལ་གྱར་བ་ལྟ་བུའི་འཚོ་བ་བསྐྱལ་ནས་སྡོད་ཀྱི་ཡོད། 2003ལོའི་ཟླ་5ཚེས་26ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྟ་དམག་གྲོང་ཚོ་དངོས་སུ་ཀྲུང་གོའི་མངའ་ཁོངས་སུ་འཇུག་རྒྱུའི་ཆོག་མཆན་གནང་བས་ཀྲུང་གོའི་མངའ་ཁོངས་སུ་བཅུག་པའི་གྲོང་ཚོ་ཕྱི་ཤོས་ཤིག་རེད། རི་འདབས་སུ་ཨར་འདམ་ལྕགས་རྩིབས་མ་ལས་གྲུབ་པའི་སྡོད་ཁང་གྲལ་སྟར་འགྲིག་པོའི་ངང་ཆགས་པ་དེ་དག་ང་ཚོའི་འདྲེན་བྱེད་ཡུལ་དུ་འཆར་མ་ཐག་སྐྱིད་སྣང་དོད་ཅིང་། འཆམ་མཐུན་མཉམ་གནས་ཀྱི་ཚོར་སྣང་ཟབ་མོ་ཞིག་ངང་གིས་སྦྱིན། འདི་ནི་2004ལོར་བོད་རང་སྐྱོང་ལྗོངས་ཀྱིས་མཐའ་དར་དམངས་ཕྱུག་གི་རྣམ་གྲངས་ལག་བསྟར་བྱེད་སྐབས། ཁྱོན་མ་དངུལ་སྒོར་ཁྲི་147བཏང་ནས་བསྐྲུན་པའི་རྟ་དམག་གྲོང་ཚོའི་མང་ཚོགས་ཀྱི་སྡོད་ཁང་རེད། རྟ་དམག་གྲོང་ཚོར་ཐེམ་དུད་59དང་མི་གྲངས་190ལས་མེད་ནའང་། ཉན་སྤྲོ་བའི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་མི་ཉུང་བ་ཞིག་ཡོད་པས། ང་ཚོ་བཅར་འདྲི་ཚོགས་ཆུང་གིས་དེ་གའི་མི་རིགས་མཐུན་སྒྲིལ་གྱི་དཔེ་མཚོན་ཁྱིམ་ཚང་ཡིན་པའི་ཨ་ཅག་མཚམས་གཅོད་ཀྱི་ཁྱིམ་ལ་བཅར་འདྲིར་ཕྱིན་པ་ཡིན། ད་ལོ་ལོ་41ལ་སླེབས་པའི་ཁྱིམ་ཚང་གི་སྦྱིན་བདག་མཚམས་གཅོད་དང་འཕྲད་དུས་ཁོང་ནི་བོད་མིའི་ཁ་ངོ་སྐྱེ་འབྲས་ཀྱི་གཡའ་ཏིལ་འབྲུ་ཙམ་ཡང་མེད་པར་ནེ་པ་ལའི་དམན་ཆུང་འཁྲུལ་མེད་ཅིག་རེད་འདུག ངོ་ཚ་སྨིན་ཞིང་ཅི་ཞིག་སྨྲ་དགོས་མིན་མ་ཤེས་པའི་ཁོང་གིས་ང་ཚོ་ནང་ལ་ཁྲིད་བྱུང་། སྐབས་དེ་དུས་དེ་ག་ནས་མགོ་སྐྲ་དཀར་པོར་གྱུར་པ་དང་ངོ་གདོང་ཅུང་རིད་པའི་རྒྱ་རིགས་བློ་མཐུན་ཞིག་མིག་ལམ་དུ་འཆར་སྐབས། ང་ཚོའི་སེམས་ལ་དེ་ནི་ཉེ་འཁོར་གྱི་རྒྱ་རིགས་ཨར་པོ་བ་ཞིག་དེ་གར་ལྟ་བར་ཡོང་བ་དང་ཏག་ཏག་འཁེལ་བ་ཞིག་ཡིན་པ་ལས་མཚམས་གཅོད་ཀྱི་བཟའ་ཟླ་ཡིན་པ་སྣང་བའི་ཡུལ་ལའང་འཁོར་མ་བྱུང་།

    “ང་ཚོ་བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར་ལྟེ་གནས་ཀྱི《བདག་ཁྱིམ་གྱི་ལོ་ངོ་40》ཡི་བཅར་འདྲི་ཚོགས་པ་ཡིན། ཨ་ཅག་མཚམས་གཅོད་ཀྱི་ཁྱིམ་ནི་རྟ་དམག་གྲོང་ཚོའི་མི་རིགས་མཐུན་སྒྲིལ་གྱི་དཔེ་མཚོན་ཁྱིམ་ཚང་ཞིག་ཡིན་པས། ང་ཚོས་ཆེད་མངགས་འདི་གར་བཅར་འདྲིར་ཡོང་བ་ཡིན། ཁྱེད་ཀྱིས་ཁྱིམ་ཚང་གི་ཁོངས་མི་དང་དམངས་གཙོའི་བཅོས་བསྒྱུར་མ་བྱས་གོང་གི་གནས་ཚུལ་སོགས་ངོ་སྤྲོད་རགས་ཙམ་གནང་རོགས”ཞེས་གསར་འགོད་པས་བཅར་འདྲི་བྱེད་སྐབས། ཨ་ཅག་མཚམས་གཅོད་ཀྱིས་གཙང་གི་སྐད་དྭངས་མ་ཞིག་བརྒྱབ་ནས་ཁྱིམ་ལ་ཕྲུ་གུ་ག་ཚོད་ཡོད་མེད་དང་། ཁྱོ་གའི་མིང་། ཕྲུ་གུ་གང་དུ་ཡོད་མེད། དཔལ་འབྱོར་གྱི་ཡོང་ཁུངས་དང་ཁྱིམ་ཚང་གི་གནས་ཚུལ་སོགས་ཆུ་རྒྱུག་རྒྱུག་ངང་ངོ་སྤྲོད་བྱས་བྱུང་བས། ང་ཚོ་ནི་ཧ་ལས་ཧང་སངས་ནས་དེ་གོང་སྐད་བརྡ་འཕྲོད་ཨེ་ཡོང་སྙམ་པའི་སེམས་ཁྲལ་རྦད་དེ་འཇའ་ཡལ་བ་ལྟར་གྱུར། ཨ་ཅག་མཚམས་གཅོད་ཀྱི་ཁྱིམ་ལ་བུ་ཕྲུག་གསུམ་ཡོད་ཅིང་། དེའི་ནང་ནས་ལོ་19ལ་སླེབས་པའི་བུ་རྒན་པ་ནང་སའི་ཅང་སུའུ་རུ་ཆེད་ཚན་མཐོ་རིམ་སློབ་འབྲིང་འགྲིམས་བཞིན་ཡོད་པ་དང་། ལོ་17ལ་སླེབས་པའི་བུ་མོ་ཕ་མར་རོགས་པ་བྱས་ནས་ཁྱིམ་ཚང་སྐྱོང་བཞིན་ཡོད་པ། ལོ་6ལ་སླེབས་པའི་བུ་ཆུང་བ་བུ་བཅོལ་ཁང་དུ་འགྲོ་བཞིན་ཡོད། ད་ལོ་ལོ་47ལ་སླེབས་པའི་ཁོང་གི་བཟའ་ཟླ་ཝང་མའོ་ཆིང་ནི་སི་ཁྲོན་ཁྲེང་ཏུའུ་ནས་ཡིན་ཞིང་། 1994ལོར་ཕ་ཡུལ་སི་ཁྲོན་ནས་ལེ་དབར་སྟོང་གི་རྒྱང་ཐག་ཆོད་པའི་སྐྱིད་གྲོང་དུ་ཨར་པོ་རྒྱུག་པར་སླེབས་ཤིང་། 1999ལོར་སྐྱིད་གྲོང་དུ་ཨར་པོ་རྒྱུག་དུས་མཚམས་གཅོད་དང་ཁ་ཐུག་རྗེས་སྐྱིད་ལ་ཁའི་རྩྭ་ལ་མཉམ་ཟ་དང་སྡུག་སྔོན་མོའི་ཆུ་ལ་མཉམ་འཐུང་ཞེས་པ་ལྟར་དཀའ་སྡུག་དང་བདེ་བ་ཅི་བྱུང་ཡང་མཉམ་སྐྱེལ་གྱིས་འཚོ་བ་བསྐྱལ་ཏེ་ད་བར་ལོ་22ཏག་ཏག་སོང་ཡོད།

    1998ལོའི་སྔ་རོལ་ཏུ་ཨ་ཅག་མཚམས་གཅོད་ཁོང་ཚོའི་སྡོད་ས་གྲོག་རོང་དུ་ཡིན་ཞིང་། ཨ་ཅག་མཚམས་གཅོད་ཀྱི་པ་ཕ་ལོ་52སྐབས་སུ་གྲོངས་པ་དང་ཨ་མས་ཁྱོ་ག་གསར་པ་ཞིག་བཙལ་ནས་ཁྱིམ་ཚང་གསར་པ་བཟུང་རྗེས། ཁོང་གི་འཚོ་བ་རང་མགོ་རང་སིམ་བྱེད་དགོས་བྱུང་བ་རེད། ས་རྡོས་བརྒྱབ་པའི་ས་ཁང་གྲུ་བཞི་ཆུང་ཆུང་ཞིག་ཏུ་སྒམ་ཤག་བཏིང་བ་དང་སྟོད་ལ་ཕྱུ་པ་གྱོན་ནས་ཉལ་སྡོད་ཀྱི་ཡོད་པས་ཡ་ང་ཞིང་ཡིད་སྐྱོ་བ་ཞིག་ཡོད། རྟ་དམག་གྲོང་ཚོར་མ་སྤོས་གོང་ཐེམ་དུད་བཅུ་ལ་མ་གཏོགས་གཞན་ཚོར་སྡོད་ཁང་མེད་པས། ས་གནས་དེ་གའི་ཞིང་པར་ཁང་པ་གཡར་ནས་ཁོང་ཚོའི་ལག་གཡོག་བྱས་ཏེ་སྡོད་རིང་། ཉིན་རེར་གླ་ཆ་སྒོར་1དང་སྒོར་ཟུར་5ལས་མེད་པ་དང་། ཕྱིས་སུ་གླ་ཆ་སྒོར་7ཙམ་ལས་མེད། འོན་ཀྱང་ཁོང་ཚོས་དཀའ་ཚེགས་ཆེ་བའི་འཚོ་བའི་མདུན་དུ་ནམ་ཡང་མགོ་བོ་མི་སྒུར་བར་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་བཀའ་དྲིན་འོག་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་འཚོ་བ་གསར་པ་ཞིག་གཏོད་རྒྱུར་འབད་བརྩོན་ལྷོད་མེད་བྱས་ཡོད།

    རླབས་ཆེན་ཏང་གི་ཐུགས་རྗེས། བདེ་སྐྱིད་དཔལ་ལ་རོལ་སོང་།

    མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་འོག་2003ལོའི་ཟླ་5པའི་ཚེས་26ཉིན་རྟ་དམག་གྲོང་ཚོ་དངོས་སུ་ཀྲུང་གོའི་ཁོངས་སུ་བཅུག་ནས་འདི་གར་སྤོས་པའི་ལོ་གཅིག་གི་རྗེས་སྲིད་གཞུང་ནས་ཁྱིམ་ཚང་ཚང་མར་སྡོད་ཁང་གསར་པ་བརྒྱབ་ཡོད་མོད། འོན་ཀྱང་2011ལོའི་ཟླ་9ཚེས་18ཉིན། གྲོ་མོར་ས་ཡོམ་བརྒྱབ་རྗེས་རྟ་དམག་གྲོང་ཚོའི་སྡོད་ཁང་ཚང་མ་ཉེན་ཁང་ལ་གྱུར་པ་མ་ཟད། ད་དུང་སྡོད་ཁང་ཁག་གཅིག་བརྡིབས་ནས་གཏོར་སྐྱོན་ཚབས་ཆེན་ཕོག་ཡོད། སྲིད་གཞུང་གིས་སླར་ཡང་དུད་ཚང་རེར་མ་དངུལ་སྒོར་ཁྲི་12དང་ཁྱོན་མ་དངུལ་སྒོར་ཁྲི་564བཏང་ནས་སྡོད་ཁང་སྟར་པ་47བརྒྱབ་ཡོད། འོན་ཏེ་2015ལོའི་ཟླ་4ཚེས་25ཉིན། ནེ་པ་ལར་ས་ཡོམ་གྱི་གནོད་འཚེ་བྱུང་རྗེས་སླར་ཡང་རྟ་དམག་གྲོང་ཚོའི་མང་ཚོགས་ཀྱི་སྡོད་ཁང་ལ་གཏོར་སྐྱོན་ཚབས་ཆེན་ཕོག་པས། སྐྱིད་གྲོང་རྫོང་གིས་འཕྲལ་མར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་བཀོད་ལྟར“མཐའ་དར་དམངས་ཕྱུག”གི་ལས་གྲྭ་ལག་བསྟར་བྱས་ནས་རྟ་དམག་གྲོང་ཚོའི་མང་ཚོགས་ལ་ཨར་འདམ་ལྕགས་རྩིབས་མའི་སྡོད་ཁང་གསར་པ་བརྒྱབ་སྟེ་ཁྱིམ་གཞིས་བསྐྱར་སྐྲུན་བྱས་སྟབས། ཁོང་ཚོའི་སྡོད་ཁང་གི་དཀའ་གནད་རྦད་དེ་ཐག་གཅོད་བྱུང་ཡོད། དེས་མ་ཚད་སྲིད་གཞུང་གིས་ད་དུང་ཁྱིམ་དུད་མི་རེ་ངོ་རེར་སྒོ་ཕྱུགས་དང་། ཁ་གདན། ཆ་སྒམ་སོཌ་འཚོ་བའི་མཁོ་ཆས་སྤྲད་པ་མ་ཟད། སྒོ་རའི་ནང་ཆུ་ཀ་ལ་ཡང་ཁྲིད་ཡོད་ཅིང་། ད་ཆ་རྟ་དམག་གྲོང་ཚོའི་ཁྱིམ་ཚང་ཚང་མའི་ཐོག་ཁར་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བ་དེ་ནི་སྐྱིད་གྲོང་ལུང་ཤུར་གྱི་ངོམས་ཆོག་པའི་རྒྱན་ཆ་ཞིག་ཏུ་གྱུར་ཡོད།

    “ད་ཆ་རྟ་དམག་གྲོང་ཚོའི་ཁྱིམ་ཚང་ཚང་མ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ཁོངས་སུ་བཅུག་ཡོད་ཅིང་། ཨ་ཅག་མཚམས་གཅོད་ཀྱི་ཁྱིམ་ལའང་ལོ་གཅིག་ལ་མ་མཐའི་འཚོ་བའི་འགན་ལེན་གྱི་ཁ་གསབ་སྒོར་5000དང་། མཐའ་མཚམས་སྲུང་སྐྱོབ་ཀྱི་ཁ་གསབ་སྒོར་2000 ནགས་སྲུང་གི་ཁ་གསབ་སྒོར་558 རྩྭ་ཐང་གི་ཁ་གསབ་སྒོར་42བཅས་ལེན་རྒྱུ་ཡོད། དེས་མ་ཚད་རྟ་དམག་གྲོང་ཚོའི་སློབ་ལོ་ལོན་པའི་བྱིས་པ་རྣམས་སློབ་གྲྭར་འགྲོ་ཆོག་ལ། སློབ་ཡོན་གང་ཡང་སྤྲོད་མི་དགོས་པ་མ་ཟད། ད་དུང་སློབ་གྲྭ་ནས་ལོ་ལྟར་འབྲས་དང་གྲོ་ཞིབ་སོགས་མང་པོ་ཞིག་སྤྲོད་ཀྱི་འདུག ད་ཆ་ང་ཚོ་མི་སྨོན་རང་སྐྱིད་ཀྱི་འཚོ་བར་རོལ་བཞིན་ཡོད”ཅེས་ཨ་ཅག་མཚམས་གཅོད་ཀྱིས་སེམས་འགུལ་ཚད་མེད་ཐེབས་བཞིན་དུ་བརྗོད།

    མཚམས་གཅོད་དང་ཝང་མའོ་ཆིང་གིས་སྲིད་གཞུང་ཁོ་ནར་སྐྱབས་བཅོལ་བའི“སྒུག་རྟེན་སློང་གསུམ”གྱི་བསམ་བློར་འགྱུར་ལྡོག་གཏོང་ཆེད། 2018ལོ་ནས་བཟུང་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་ཨར་པོ་རྒྱུག་པར་གླ་ཆ་སྒོར་3000ནས་4000བར་ཟིན་པ་ལས་ཕྱེད་ཀ་ཁྱིམ་གྱི་འགྲོ་སོང་གཏོང་བ་དང་། ཕྱེད་ཀ་ཝང་མའོ་ཆིང་གི་ཨ་མར་བསྐུར་གྱི་ཡོད་པ་ཕུད། ནགས་སྲུང་སྐོར་གཡེང་བྱེད་ཞོར་དུ་རི་ནས་སྨན་རྩྭ་དང་། དབྱར་རྩྭ་དགུན་འབུ། ནགས་ཁྲོད་ཟས་རིགས་སོགས་འཐུས་ཏེ་ཁྲོམ་རར་བཙོངས་ནས་ཡོང་འབབ་འཕར་སྣོན་གྱིས་དབུལ་པོའི་ཞྭ་མོ་སྔ་ཙམ་འབུད་ཐུབ་པ་བྱེད་བཞིན་ཡོད། མ་གཞི་འཚོ་བར་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད་ནའང་འཆམ་མཐུན་དང་དྲོ་སྐྱིད་ལྡན་པའི་མཚམས་གཅོད་ཀྱི་ཁྱིམ་ནི་གྲོང་ཚོའི་མང་ཚོགས་ཚོས་ཡིད་སྨོན་འཆོར་ཡུལ་ཞིག་ཏུ་གྱུར་ཡོད།

    རྟ་དམག་གྲོང་ཚོའི་འགན་འཁུར་བ་པ་སངས་ཀྱིས“གུང་ཁྲན་ཏང་གི་དྲོ་སྐྱིད་ཉི་མའི་འོད་ཟེར་འོག་ད་ཆ་ཨ་ཅག་མཚམས་གཅོད་ཁྱིམ་གྱི་འཚོ་བར་དཀའ་ངལ་གང་ཡང་མེད། ཁོང་གི་ཕུགས་འདུན་ཆེ་ཤོས་ནི་སྔོན་ཆད་འཚོ་བའི་ཆ་རྐྱེན་ཞན་པའི་དབང་གིས་བུ་མོ་དམའ་རིམ་སློབ་འབྲིང་ཐོན་རྗེས་སློབ་གྲྭར་གཏོང་མཚམས་འཇོག་དགོས་བྱུང་བས། གྲོང་ཚོའི་འགོ་ཁྲིད་དང་སྐྱིད་གྲོང་གྲོང་རྡལ་གྱི་རོགས་རམ་འོག་འདི་ལོ་བུ་མོ་དམག་མིར་ཐོ་འགོད་བྱས་ཡོད་པས། བུ་མོ་དམག་མིར་ཚུད་ནས་རང་ཉིད་དང་འདྲ་བར་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་ཏུ་འགྱུར་བའི་རེ་བ་བྱེད་པ་དེ་དང་། ད་དུང་བཟའ་ཟླ་དང་མཉམ་དུ་ལོ་22ཏག་ཏག་སྐྱིད་སྡུག་མཉམ་མྱོང་གིས་འཚོ་བ་བསྐྱལ་ནས་བསྡད་ནའང་སྒྱུག་མོར་ཐེངས་གཅིག་ལས་ལྟ་བར་འགྲོ་མྱོང་མེད་པས། ཕྱིས་སུ་ཁྲེང་ཏུའུ་ལ་མང་ཙམ་ལོག་ནས་སྒྱུག་མོར་ཞབས་ཕྱི་ཞུ་འདོད་ཆེན་པོ་བྱེད་པ་དེ་རེད”ཅེས་བརྗོད་བྱུང་། ང་ཚོས་ཨ་ཅག་མཚམས་གཅོད་ཁྱིམ་གྱི་སྔ་ཕྱིའི་འཚོ་བའི་ལམ་བུར་བསམ་གཞིག་བྱས་ཙ་ན། མེས་རྒྱལ་ཁྱིམ་ཚང་ཆེ་མོ་ལས་ལྷག་པའི་ཁྱིམ་ཞིག་གཏན་ནས་མེད་པའི་ཚོར་སྣང་བྱུང་།

    ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་འོག ད་ཆ་རྟ་དམག་གྲོང་ཚོའི་མང་ཚོགས་རྣམས་དང་འདྲ་བར་མཚམས་གཅོད་བཟའ་ཚོས་དུས་དང་རྣམ་པ་ཀུན་ཏུ“ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་དང་མི་རིགས་ཁག“མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་། མཉམ་དུ་དར་རྒྱས་གོང་འཕེལ”གཏོང་བའི་མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་དགོངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི”མཛུབ་སྟོན་གལ་ཆེན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།