“བོད་ཀྱི་གསོ་བ་རིག་པའི་རིག་གནས་འཛམ་གླིང་ཕྱོགས་སུ་ཁྱབ་གདལ་གཏོང་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ”
འདི་ལོ་ལོ་55ལ་སླེབས་པའི་ལིའུ་ཐུང་ཧྭ་ཡིས་པེ་ཅིང་ཀྲུང་ལུགས་གསོ་རིག་སློབ་ཆེན་གྱི་སློབ་སྤྱིའི་ལས་རོགས་དང་ཞིབ་འཇུག་སློབ་མའི་སློབ་གླིང་གི་རྒྱུན་ལས་ཡོའན་ཀྲང་གཞོན་པའི་འགན་ཁུར་བཞིན་ཡོད། 2016ལོར་ལོ་གཉིས་ཀྱི་ཀན་སུའུ་ཀྲུང་ལུགས་གསོ་རིག་སློབ་ཆེན་གྱི་སློབ་སྤྱི་གཞོན་པའི་གནས་སྦྱར་མཇུག་སྒྲིལ་ལ་ཉེ་བའི་སྐབས་ལོ་53ལ་སླེབས་པའི་ལིའུ་ཐུང་ཧྭ་པེ་ཅིང་ཀྲུང་ལུགས་གསོ་རིག་སློབ་ཆེན་ཏང་ཨུད་ཀྱིས་ཁག་བརྒྱད་པའི་ཀྲུང་དབྱང་རྩ་འཛུགས་པུའི་བོད་སྐྱོར་ལས་བྱེད་པའི་ལས་དོན་གྱི་གྲས་ཤིག་ཡིན་པའི་བོད་ལྗོངས་གསོ་རིག་སློབ་གླིང་གི་ཡོའན་ཀྲང་གཞོན་པ་བྱེད་པར་འདེམས་མངགས་བྱས་ཡོད།
“བོད་དུ་ཡོང་དོན་གང་ཡིན་ནམ། བོད་དུ་ལས་ཀ་གང་ཞིག་བྱེད་དགོས་སམ། བོད་ནས་ཁ་བྲལ་སྐབས་གང་ཞིག་འཇོག་དགོས་སམ”ཞེས་པ་དེ་དག་ནི་པེ་ཅིང་ཀྲུང་ལུགས་གསོ་རིག་སློབ་ཆེན་དང་། ཅང་ཤིས་ཀྲུང་ལུགས་གསོ་རིག་སློབ་ཆེན། ཧའར་པིན་གསོ་རིག་ཚན་ཁག་སློབ་ཆེན། ཀྲུང་གོ་སྨན་རྫས་ཚན་ཁག་སློབ་ཆེན་བཅས་བོད་ལྗོངས་གསོ་རིག་སློབ་གླིང་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་བོད་སྐྱོར་ལས་བྱེད་པ་ཁག་ཚང་མས་ཁ་གཏད་གཅོག་པ་དང་ལན་རྒྱག་དགོས་པའི་སྲོལ་རྒྱུན་གྱི་དྲི་གཞི་ཞིག་རེད། བོད་སྐྱོར་ལས་བྱེད་པ་ཁག་རེ་རེས་བཏིང་བའི་རྨང་གཞི་བརྟན་པོའི་འོག་བོད་ལྗོངས་གསོ་རིག་སློབ་གླིང་དུས་རབས་གསར་པར་སླེབས་པའི་འཕེལ་རྒྱས་ཀྱི་དགོས་མཁོར་ཕྱོགས་སྐབས་ལིའུ་ཐུང་ཧྭ་ཡིས་རང་ཉིད་ལ་འགྲན་སློང་དང་གནོན་ཤུགས་འདི་ལྟ་བུ་འཕྲད་ཡོང་བསམ་མྱོང་མེད།
ཡིན་ནའང་ལིའུ་ཐུང་ཧྭ་དེ་བས་བསམ་ཡུལ་ལས་འདས་པ་ཞིག་ནི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད། སློབ་གསོ་པུའུ་དང་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་དང་རང་སྐྱོང་ལྗོངས་སློབ་གསོ་ཐིང་དང་ཁ་གཏད་རོགས་སྐྱོར་བྱེད་མཁན་སློབ་གྲྭ་བཞི་ཡི་ཤུགས་ཆེའི་རོགས་སྐྱོར་བཅས་ཀྱི་འོག་བོད་ལྗོངས་གསོ་རིག་སློབ་གླིང་ཏང་ཨུད་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་དགེ་སློབ་ཚང་མའི་སྣེ་ཁྲིད་ནས་ལོ་མང་པོ་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་བོད་ལྗོངས་གསོ་རིག་སློབ་གླིང་གི་འབུམ་རམས་པའི་སློབ་གནས་སྤྲོད་པའི་ཚན་པ་དང་རིམ་པ་དང་པོའི་རིག་ཚན་འབུམ་རམས་པའི་ས་ཚིགས་ཀྱི་སྟོང་ཆ་སྐོང་བའི་ཟིན་ཐོ་བཏོད་པ་དང་། བོད་ཀྱི་གསོ་བ་རིག་པའི་འཕེལ་རྒྱས་ལོ་རྒྱུས་ཀྱི་ལམ་ཚད་རྡོ་རིང་བཏོད་པ། “བོད་ལྗོངས་གསོ་རིག་སློབ་གླིང” “བོད་ལྗོངས་གསོ་རིག་སློབ་ཆེན”དུ་སྒྱུར་བའི་ལས་འགན་ལེགས་གྲུབ་བྱུང་བ། “བོད་ཀྱི་གསོ་བ་རིག་པའི་ཁོངས་གཏོགས་མཉམ་ལས་གསར་གཏོད་ལྟེ་གནས”ཀྱི་རྣམ་གྲངས་བཙུགས་པ། “བོད་ཀྱི་གསོ་བ་རིག་པའི་གཅིན་སྙི་ཟགས་ཁུའི་ནད་འགོག་བཅོས་ཀྱི་རྒྱལ་སྤྱིའི་མཉམ་ལས་ཞིབ་འཇུག་ལྟེ་གནས”མཉམ་སྐྲུན་རྟེན་གཞི་བཙུགས་པ་སོགས་བྱས་ཡོད། དེའི་རིང་བོད་ལྗོངས་གསོ་རིག་སློབ་གླིང་ཏང་ཨུད་ཀྱིས་ལིའུ་ཐུང་ཧྭ་ལ་འཇོན་ཐང་ངོམས་པའི་ལས་སྟེགས་ཤིག་མཁོ་འདོན་བྱས་པ་རེད།
གནད་སྨིན་བོད་སྐྱོར་ལ“དགོས་ངེས་ཀྱི་བྱ་སྤྱོད”
ལིའུ་ཐུང་ཧྭ་ཡིས་བོད་ལྗོངས་གསོ་རིག་སློབ་གླིང་ཏང་ཨུད་ཀྱི་འཐབ་ཇུས་བཀོད་སྒྲིག་གཞིར་བཟུང་། 《བོད་ལྗོངས་གསོ་རིག་སློབ་གླིང་གི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད》དང་ཟུང་འབྲེལ་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་སློབ་གསོའི་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”ལོ་གསུམ་གྱི་བོད་སྐྱོར་ལས་ཀའི་ཇུས་གཞི་བཟོས་ནས། རིག་ཚན་གྱི་མ་ལག་དང་། རིག་ཚན་ཚོགས་པ། ཤེས་ལྡན་མི་སྣ་གསོ་སྐྱོང་། ཚན་ཞིབ་ཆ་རྐྱེན་དང་གསར་གཏོད་འཇོན་ཐང་། ཞིབ་འཇུག་སློབ་མའི་སློབ་གསོ་དང་རིག་གཞུང་ལས་སྟེགས་འཛུགས་པ་སོགས་ཕྱོགས་དྲུག་ཐད་ཀྱི་ལས་དོན་ལ་གཙོ་གནད་དམ་འཛིན་བྱས་པ་རེད། ལིའུ་ཐུང་ཧྭ་ཡིས“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ཐད་གནད་སྨིན་དགོས་པ་དང་། ངེས་པར་དུ“སློབ་སྦྱོང་དང་། ཞིབ་འཇུག སྨན་རྫས། ཐོན་སྐྱེད”སོགས་ཁྱབ་ཁོངས་སུ་ལས་ཀ་ཧུར་ཐག་བྱེད་དགོས་ངེས་ཡིན་པའི་ངོས་འཛིན་གཏིང་ཟབ་ཐུབ་ཡོད།
ལིའུ་ཐུའུ་ཧྭ་ཡི་ལས་ཀའི་འཇོན་ཐང་ལ་བོད་ལྗོངས་གསོ་རིག་སློབ་གླིང་ཏང་ཨུད་དང་དགེ་སློབ་ཀྱི་ཁས་ལེན་གང་ལེགས་དང་ཚད་མཐོའི་གདེང་འཇོག་ཐོབ་ཅིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་དང་བླང་བྱ་གཞིར་བཟུང་བ་དང་རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་མཛུབ་ཁྲིད་འོག་བོད་ལྗོངས་གསོ་རིག་སློབ་གླིང་ཏང་ཨུད་ཀྱིས་བོད་ཀྱི་གསོ་བ་རིག་པའི་འབུམ་རམས་པའི་སློབ་གནས་སྤྲོད་མཁན་ཚན་པ་དང་སྤྲད་ཡུལ་དང་དེ་བཞིན་བོད་ཀྱི་གསོ་བ་རིག་པའི་རབ་འབྱམས་པའི་ས་ཚིགས་འཛུགས་པའི་ལས་ཀའི་ཡིག་ཐོག་སྙན་ཞུ་ཕུལ་བ་རེད། ཚོགས་པའི་ཁོངས་མི་ཞིག་གི་ངོས་ནས་ལིའུ་ཐུང་ཧྭ་ཡི་འབད་བརྩོན་ལྷོད་མེད་བརྒྱུད་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་གནས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སུམ་ཅུ་སོ་བཞི་པའི་ཐོག་བོད་ལྗོངས་གསོ་རིག་སློབ་གླིང་ལ་འབུམ་རམས་པའི་སློབ་གནས་སྤྲོད་པའི་ཚན་པ་དང་། ཀྲུང་ལུགས་གསོ་རིག(བོད་ལུགས་གསོ་རིག)ལ་རིམ་པ་དང་པོའི་རིག་ཚན་གྱི་འབུམ་རམས་པའི་སློབ་གནས་སྤྲད་ཡུལ་ས་ཚིགས། ཀྲུང་ལུགས་གསོ་བ་རིག་པར(བོད་ཀྱི་གསོ་བ་རིག་པ)རིམ་པ་དང་པོའི་རིག་ཚན་གྱི་རབ་འབྱམས་པའི་སློབ་གནས་སྤྲད་ཡུལ་བཅས་ཀྱི་ཆོག་མཆན་ཐོབ་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་དང་རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་བླང་བྱ་གཞིར་བཟུང། བོད་ལྗོངས་གསོ་རིག་སློབ་གླིང་ཏང་ཨུད་ཀྱིས“བོད་ལྗོངས་གསོ་རིག་སློབ་གླིང” “བོད་ལྗོངས་གསོ་རིག་སློབ་ཆེན”དུ་བསྒྱུར་བའི་ལས་དོན་གལ་ཆེན་ལ་སྐུལ་འདེད་བཏང་ནས་ལིའུ་ཐུང་ཧྭ་ཡིས་ཕུན་སུམ་ཚོགས་པའི་ལས་ཀའི་ཉམས་མྱོང་ལ་བརྟེན་ནས་ཡིག་ཐོག་སྙན་ཞུའི་དཔྱད་གཞིའི་ཡིག་རིགས་བྲིས་པ་དང་ཕྱོགས་བསྡུས་མཐུན་སྦྱོར་བྱས་པ་སོགས་ལས་དོན་ཐད་ནུས་པ་གལ་ཆེན་བཏོན་ཡོད་པ་རེད། 2018ལོའི་ཟླ་4ཚེས་17ཉིན་རྒྱལ་ཡོངས་ཀྱི་སློབ་ཆེན་གྱི་དཔྱད་མོལ་ཨུ་ཡོན་ལྷན་ཁང་བཙུགས་ནས་རིགས་གཅིག་མཁས་ཅན་གྱིས་དཔྱད་མོལ་བྱས་པ་དང་སྦྲགས་ཡོངས་བསྒྲགས་ཀྱང་བྱས་པ་རེད།
ཚན་ཞིབ་བོད་སྐྱོར་གྱི“གསར་གཏོད་བྱ་སྤྱོད”
ལིའུ་ཐུང་ཧྭ་ཡིས་བོད་ལྗོངས་གསོ་རིག་སློབ་གླིང་གི་ཚན་ཞིབ་འཇོན་ཐང་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་ཆེད། བོད་ལྗོངས་གསོ་རིག་སློབ་གླིང་ཏང་ཨུད་དང་སྤྱི་འདོམས་མཐུན་སྦྱོར་བྱས་ཏེ། བོད་ཀྱི་རྒྱལ་ཁབ་རིམ་པའི་རྒྱལ་སྤྱིའི་མཉམ་ལས་ཞིབ་འཇུག་ལྟེ་གནས—“བོད་ཀྱི་གསོ་བ་རིག་པའི་གཅིན་སྙི་ཟགས་ཁུའི་ནད་འགོག་བཅོས་ཀྱི་རྒྱལ་སྤྱིའི་མཉམ་ལས་ཞིབ་འཇུག་ལྟེ་གནས”མཉམ་སྐྲུན་རྟེན་གཞི་དང་པོ་དེ་སྒྲིག་འཛུགས་བྱས་ཏེ་བསྐྲུན་པ་རེད། “བོད་ཀྱི་གསོ་བ་རིག་པའི་ཁོངས་གཏོགས་མཉམ་ལས་གསར་གཏོད་ལྟེ་གནས”ཀྱི་རྣམ་གྲངས་ཡིག་ཐོག་སྙན་ཞུ་ཕུལ་ཏེ་མཉམ་ལས་གསར་གཏོད་ལྟེ་གནས་བསྐྲུན་པ་བརྒྱུད། ཤེས་ལྡན་མི་སྣ་དང་། རིག་ཚན། ཚན་ཞིབ་བཅས་ཕྱོགས་གསུམ་གཞི་གཅིག་གི་གསར་གཏོད་ཚོགས་པ་གསར་པ་གྲུབ་པ་དང་གསར་གཏོད་ཀྱི་འཇོན་ཐང་ཆེ་རུ་ཕྱིན་ནས། བོད་ཀྱི་གསོ་བ་རིག་པ་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་འགག་རྩའི་གནད་དོན་ཐག་གཅོད་བྱས་ཡོད་པ་རེད།
“ང་ཚོས‘བོད་ཀྱི་གསོ་བ་རིག་པའི་ཁོངས་གཏོགས་ཀྱི་མཉམ་ལས་གསར་གཏོད་ལྟེ་གནས’ཀྱི་རྣམ་གྲངས་དང་ཁག་དང་པོའི་འགོ་ཚུགས་ལས་དོན་24ལེགས་སྒྲུབ་བྱས་ཡོད། མིག་སྔའི་བར་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་རྣམ་གྲངས་24འཛུགས་པའི་ཆོག་མཆན་ཐོབ་པ་དེ་ན་ནིང་གི་དུས་མཚུངས་ལས་ལྡབ་འཕར་བྱུང་བ་དང་རྣམ་གྲངས་འཛུགས་པའི་ཚན་ཞིབ་འགྲོ་གྲོན་ཆེས་ཆེར་འཕར་ཡོད”ཅེས་བོད་ལྗོངས་གསོ་རིག་སློབ་གླིང་ཚན་ཞིབ་ཁྲུའི་རྣམ་གྲངས་དོ་དམ་ཁོའི་ཡི་ཁོའི་ཀྲང་ཚེ་རིང་ཟླ་བས་གསར་འགོད་པར་ངོ་སྤྲོད་བྱས།
ཤེས་ལྡན་མི་སྣའི་བོད་སྐྱོར་གྱི“རང་བརྟེན་བྱ་སྤྱོད”
“གཞན་བརྟེན”གལ་ཆེ་ཡང“རང་བརྟེན”དེ་བས་མེད་དུ་མི་རུང་བ་ཞིག་རེད། འགན་འཁྲི་འཁུར་ཐུབ་པ་དང་། ལས་དོན་སྤེལ་ཐུབ་པ། འཇོན་ཐང་ཡོད་པ། ནམ་ཡང་གནས་ཐུབ་པ་བཅས་ཀྱི་དཔུང་ཁག་ཅིག་འཇོག་པ་ནི་བོད་སྐྱོར་གྱི་གཞི་རྩ་རེད། ལིའུ་ཐུང་ཧྭ་ཡིས་བོད་སྐྱོར་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་རུང་དེ་བས་གལ་ཆེ་བ་ནི་ངོ་བོ་ཉིད་ཀྱི་སྒུལ་ཤུགས་སྐྱེད་སྲིང་དང་འཕེལ་ཐུབ་པར་བྱས་ཏེ“གཞན་བརྟེན”དེ“རང་བརྟེན”དུ་འགྱུར་བར་བྱ་རྒྱུ་དེ་ཡིན་པ་ཤེས་རྟོགས་གཏིང་ཟབ་ཐུབ་ཡོད།
ལིའུ་ཐུང་ཧྭ་ཡིས་རིག་ཚན་གཏོད་རྒྱུར་ཤུགས་སྣོན་རྒྱག་ཆེད་བོད་ལྗོངས་གསོ་རིག་སློབ་གླིང་ཏང་ཨུད་ཀྱི་བསམ་འཆར་གཞིར་བཟུང་བོད་ལྗོངས་གསོ་རིག་སློབ་གླིང་གི“ཤེས་ལྡན་མི་སྣ་བརྒྱ་བབ་བསྟུན་ནང་འདྲེན་བྱེད་པའི་འཆར་གཞིའི”འཆར་ཟིན་བཀོད་ནས་བཟོས་པ་དང་། “དུས་བཀག་བོད་སྐྱོར”དང་། “བབ་བསྟུན་ནང་འདྲེན” “རིགས་གཅིག་མཁས་ཅན་མཉམ་ལས” “རང་ངོས་གསོ་སྦྱོང”སོགས་བྱེད་ཐབས་སྣ་ཚོགས་སྤྱད་དེ། ཚན་རིག་འཕེལ་རྒྱས་ལ་སྐུལ་འདེད་དང་འགག་རྩའི་ལག་རྩལ་གཏོད་པའི་མཐོ་རིམ་ཤེས་ལྡན་མི་སྣ་གཙོ་གནད་སྐྱེད་སྲིང་དང་ནང་འདྲེན་བྱས་ནས། ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་བྱ་ཡུལ་བཏོད་དེ་གནམ་འོག་གི་ཤེས་ལྡན་མི་སྣ་གཅིག་ཏུ་བསྡུས་ནས་དབུ་བཞུགས་ཚན་རིག་མཁས་ཅན་དང་། ཆེད་མངགས་གདན་ཞུའི་དགེ་རྒན་ཆེ་མོ་བ། མཚན་འཛིན་དགེ་རྒན་ཆེ་མོ་བ། གདན་ཞུས་དགེ་རྒན་ཆེ་མོ་བ། འཆད་ཁྲིད་དགེ་རྒན་ཆེ་མོ་བ། འགན་གཅིག་ལྕོགས་འཁུར་མཁན་དགེ་རྒན་ཆེ་མོ་བ་སོགས་གདན་ཞུའི་ལམ་ལུགས་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། ཁོང་ཚོས་སློབ་གླིང་གི་རིག་ཚན་འཛུགས་སྐྲུན་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་། ཚན་རིག་ཞིབ་འཇུག སྨན་བཅོས་ཞབས་ཞུ། ཐོན་ལས་འཕེལ་རྒྱས། ཚན་རིག་དང་མཐུན་པའི་དོ་དམ་སོགས་ཀྱི་མཛུབ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད།
བོད་ལྗོངས་གསོ་རིག་སློབ་གླིང་གིས་ནུབ་རྒྱུད་ས་ཁུལ་གྱི་གྲངས་ཉུང་མི་རིགས་ཀྱི་རྐང་འཛིན་ཤེས་ལྡན་མི་སྣ་གསོ་སྐྱོང་འཆར་འགོད་དོན་འཁྱོལ་བྱས་པ་བརྒྱུད། གསོ་སྐྱོང་བྱ་ཡུལ(ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ)རྒྱལ་ནང་གི་སློབ་ཆེན་རྩེ་གྲ་དང་ཚན་ཞིབ་སྒྲིག་གཞིར་སློབ་སྦྱོང་བྱེད་པར་གནད་སྨིན་མངགས་གཏོང་བྱས་པ་དང་སྦྲགས་སློབ་ཁྲིད་ཚན་ཞིབ་དཔྱད་གཞི་དང་། རྣམ་གྲངས་ཞིབ་འཇུག་མཉམ་ལས། མཐོ་རིམ་རིག་གཞུང་སྤེལ་རེས་སོགས་ལས་དོན་བརྒྱུད་གཞོན་ནུ་རྐང་འཛིན་དགེ་རྒན་དང་ཤེས་ལྡན་མི་སྣ་རྩེ་གྲ་གསོ་སྐྱོང་ལ་སྐུལ་མ་བཏང་སྟེ་ལོ་ལྟར་ད་དུང་ཕུལ་བྱུང་ཞིབ་འཇུག་སློབ་མ་10ནས་20བར་ཕྱི་རྒྱལ་གྱི་གྲགས་ཅན་སློབ་ཆེན་དུ་མཉམ་འབྲེལ་གསོ་སྦྱོང་བྱེད་པར་མངགས་པ་དང“ནུབ་རྒྱུད་ཀྱི་འོད་ཟེར”ཞེས་པའི་སློབ་སྐྱོར་ཚོགས་པའི་འཆར་གཞི་དོན་འཁྱོལ་བྱས་པ་རེད།
འགན་འཁུར་རྩོམ་སྒྲིག་པ། 尼玛曲珍
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣